༢༠༡༠ ཕྱི་ཟླ་ ༦ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་གར་ཨུ་རུ་སུ་བོད་གཞུང་སྐུ་ཚབ་དོན་ཁང་གིས་བཏང་གནས་ནང་འཁོད་དོན། བོད་གངས་ཅན་ལྗོངས་ཀྱི་སྔགས་འཆང་གི་གཙུག་རྒྱན་དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་བསྟན་དང་འགྲོ་བའི་དོན་དུ་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༡ ནས་ཟླ་ ༦ ཚེས་ ༢ བར་ཨུ་རུ་སུར་ཕེབས་སྐབས་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་དང་བོད་སྐྱོབ་ཐེབས་རྩ་ (Save Tibet Foundation) ཁང་། ས་གནས་ནང་པ་ཡོངས་ནས་གནམ་ཐང་དུ་བཅར་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐུ་ཚབ་དོན་གཅོད་ཁང་དང་བོད་སྐྱོབ་ཐེབས་རྩ་གཉིས་ནས་གསོལ་འདེབས་སྐྱབས་འཇུག་ཞུས་པ་བཞིན། ཨུ་རུ་སུའི་རྒྱལ་ས་མོ་སོ་ཀོར་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་། འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་བསྒོམ་བཟླས་ཀྱི་བཀའ་ཁྲིད་གནང་ཡོད། དེ་བཞིན་ཕྱི་ཚེས་ ༢༣ ཉིན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཁྲིད་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་གནང་བ་རེད། ཉིན་གཉིས་པར་གསུང་ཆོས་སྐབས་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་འབྲེལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བསྟན་འགྲོའི་སླད་དེ་གར་ཕེབས་པར་ཐུགས་རྗེ་ཆེ་ཞུས་ཡོད།
ཕྱི་ཚེས་ ༢༤ ནས་ཚེས་ ༢༦ བར་མོ་སོ་ཀོའི་ཉེ་འགྲམ་གྱི་ཀུན་ཕན་གླིང་ཆོས་སྒར་དུ་དཔལ་ཀྱེ་རྡོ་རྗེའི་བཀའ་དབང་དང་བཀའ་ཁྲིད་གནང་ཡོད། ཕྱི་ཚེས་ ༢༧ ནས་ཚེས་ ༣༡ བར་ཀལ་མུཀ་མངའ་སྡེའི་མ་དགོན་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་། རྣལ་འབྱོར་མའི་བྱིན་རླབས། རྟ་ཕྱག་ཁྱུང་གསུམ་གྱི་བཀའ་དབང་གནང་ཡོད། ཕྱི་ཟླ་ ༦ ཚེས་ ༡ ཉིན་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ཀལ་མུཀ་ནས་རྒྱལ་ས་མོ་སོ་ཀོར་ཕེབས་སྐབས་སྐུ་ཚབ་དོན་གཅོད་ཁང་དང་བོད་སྐྱོབ་ཐེབས་རྩ་ཁང་ནས་ཐུགས་རྗེ་ལེགས་འབུལ་དང་ཕེབས་ཐོན་གྱི་གསོལ་སྟོན་འདེགས་འབུལ་ཞུས་ཡོད། ཕྱི་ཟླ་ ༦ ཞེས་ ༢ ཉིན་མོ་སོ་ཀོ་ནས་དབྱིན་ཡུལ་ལ་ཕེབས་སྐབས་གནམ་ཐང་དུ་ཕེབས་སྐྱེལ་བཅས་ཞུས་པའི་གནས་ཚུལ་མདོར་བསྡུས་སུ།།