༢༠༡༦ ཟླ་ ༨ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །༧གོང་ས་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བའི་ལྟ་གྲུབ་གོང་མཐོར་གཏོང་གནང་མཛད་བཞིན་པའི་རླབས་ཆེན་གྱི་མཛད་བཟང་སྐོར་གྱི་སྐུ་པར་འགྲེམས་སྟོན་ཞིག་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཡུ་ཀེ་རེན་(Ukraine)གྱི་གྲོང་ཁྱེར་ཁག་གཅིག་ནང་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། ད་ཆ་གྲོང་ཁྱེར་མ་རིའུ་པོལ་ Mariupol ནང་ཉིན་གྲངས་བཅུའི་རིང་འགྲེམས་སྟོན་གནང་བཞིན་ཡོད་འདུག འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་དེ་བཞིན་ཧ་ལ་བྷུ་དྷ་ HALABUDA exhibition hall འགྲེམས་སྟོན་ཁང་ནང་ཚོགས་སྐབས། གཞོན་སྐྱེས་མང་དག་གཅིག་མཉམ་ཞུགས་གནང་ཡོད་པ་དང་། དེ་ཁྲོད་གཞོན་སྐྱེས་ཕལ་ཆེ་བ་དང་བླངས་ཐོག་རྩོད་རྙོག་ཅན་གྱི་ས་ཁུལ་ནང་དཀའ་སྡུག་མྱོང་བཞིན་པའི་མི་མང་རྣམས་ལ་་རོགས་ཕན་གནང་མཁན་ཡིན་འདུག
དེ་ཡང་འགྲེམས་སྟོན་གོ་སྒྲིག་གནང་མཁན་སྐུ་ཞབས་ཨེན་ཌི་རི་ Andrey Tolkach ལགས་ཀྱིས་གསུང་དོན། གཞོན་སྐྱེས་ཚོས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་ན། འཛམ་གླིང་ནང་ཆོས་ཕྱོགས་ཀྱི་དབུ་ཁྲིད་གྲགས་ཅན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྟ་བུས་སྩལ་བའི་གཞན་ཕན་གྱི་ལྟ་བ་དང་། བྱམས་བརྩེ། བཟོད་སྲན་སོགས་ལག་བསྟར་བྱེད་དགོས་པ་མེད་དུ་མི་རུང་བ་ཞིག་ཡིན་སྐོར་གསུངས། འགྲེམས་སྟོན་དབུ་འབྱེད་ཉིན། ༸གོང་ས་མཆོག་གིས་འཛམ་གླིང་ལ་སྩལ་བའི་གསུང་འཕྲིན། ཞེས་པའི་གློག་བརྙན་ཞིག་ཀྱང་བསྟན་ཡོད་པ་དང་། དངོས་བྱུང་གློག་བརྙན་དེའི་ནང་དུས་རབས་ ༢༡ འདི་འཚེ་བ་མེད་པའི་དུས་རབས་ཤིག་དགོས་ན། གཞོན་སྐྱེས་ཚོས་འབད་བརྩོན་བྱེད་དགོས་པ་དང་། དེ་ལྟར་བྱུང་བ་ཡིན་ན་དུས་རབས་འདིའི་མཇུག་ཙམ་ལ་འཛམ་གླིང་མི་མང་གི་སྙིང་ལ་འཆང་བཞིན་པའི་ཞི་བདེ་ལྡན་པའི་འཛམ་གླིང་འདི་རྨི་ལམ་མིན་པར་མངོན་སུམ་དུ་ བསྒྲུབ་ཐུབ་རྒྱུ་ཡིན་སྐོར་གསལ་སྟོན་གནང་ཡོད།
ཐེངས་འདིའི་ཇི་སྲིད་ནམ་མཁའ་གནས་པ་དང་། The Dalai Lama – As Long As Space Remains ཞེས་པའི་འགྲེམས་སྟོན་འདི་བཞིན་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེས་མཐུན་འགྱུར་གནང་བ་ཞིག་ཡིན་འདུག འགྲེམས་སྟོན་གྱི་སྐུ་པར་རྣམས་དགའ་ལྡན་ཕོ་བྲང་གི་པར་པ་ཆོས་འབྱོར་ལགས་དང་། མོ་སི་ཁོར་རྟེན་གཞི་བྱས་པའི་བོད་སྐྱོབ་དགེ་རྩ་ཚོགས་པའི་ངེས་སྟོན་པ་གཞོན་པ་དང་པར་པ་ Igor Yachoglov ལགས་རྣམ་གཉིས་ཀྱིས་སྒྲོན་པའི་སྐུ་པར་ཁག་ཡིན་འདུག་ཅིང་། སྐུ་པར་རེ་རེའི་སྟེང་ཡུ་ཀེ་རེན་དང་ཨུ་རུ་སའི་སྐད་ཡིག་ཐོག་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་དཔེ་དེབ་དང་བཀའ་ཆོས་ཁག་ལས་ལུང་འདྲེན་ཞུས་ནས་བཀོད་ཡོད་པ་བཅས།།