༢༠༡༦ ཟླ་ ༨ ཚེས་ ༥ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༥ ཉིན་སྔ་འགྱུར་བྲག་ཐོག་དགོན་ཆོས་འཁོར་པདྨ་གླིང་གི་འདུ་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་རྗེས་བཀའ་སློབ་སྩལ་དོན།
དེ་རིང་འདིར་བོད་བསྟན་སྲིད་ཀྱི་ཆེད་དམིགས་ཏེ་བཞེངས་པའི་གྲོ་ལོད་ཀྱི་སྐུ་དེ་སྔོན་མ་བཞེངས་ཚར་རྗེས་གྲོ་ལོད་ཀྱི་དབང་ཞིག་བྱས་པ་རེད། གང་ལྟར་ལོ་རྒྱུས་ལྡན་པའི་ཆོས་ལྡན་གངས་ཅན་ཞིང་གི་བསྟན་འགྲོར་དམིགས་ནས་ཆེད་མངགས་བཞེངས་པའི་ལ་དྭགས་སུ་ཡོད་པའི་གྲོ་ལོད་ཀྱི་སྐུ་དེའི་ཞལ་ཤར་བོད་ཕྱོགས་ལ་ཡོད། དེ་ནས་མོན་བསྟན་འཛིན་སྒང་ཡིན་པ་ཡོད། དེར་གྲོ་ལོད་ཀྱི་སྐུ་ཞིག་ཡོད། དེ་བཞིན་ས་མཚམས་ཤིག་ཏུ་གྲོ་ལོད་ཀྱི་སྐུ་ཞིག་བོད་ལ་ཞལ་གཟིགས་ནས་བཞེངས་ཡོད། ཕྱོགས་མཚུངས་འབྲས་ལྗོངས་ལའང་ཕལ་ཆེར་གཅིག་ཡོད། གང་ལྟར་སྐུ་དེ་དག་བོད་བསྟན་སྲིད་ཀྱི་ཆེད་དུ་དམིགས་ཏེ་བཞེངས་པ་ཞིག་རེད། ད་ཐེངས་ངོས་རང་ལ་དྭགས་སླེ་རུ་འབྱོར་ནས་བདུན་ཕྲག་གཅིག་རིང་གྲོ་ལོད་བསྙེན་པ་བཏང་སྟེ་སྨོན་ལམ་བརྒྱབ་ཏེ་བསྡད་པ་དེ་ཁ་སང་གྲུབ་པ་རེད། དེ་རིང་འདིར་གཏང་རག་གི་ཚུལ་དུ་མཆོད་མཇལ་དང་། གྲོ་ལོད་ཀྱི་ལྷའི་རྣལ་འབྱོར་དང་འབྲེལ་བའི་ཐོག་ནས་ཚོགས་ཤིག་ཕུལ་བ་རེད། དང་ཐོག་འཆར་གཞི་མེད་ཀྱང་ཁྱེད་རང་ཚོ་ས་ཁུལ་དེ་གའི་མི་མང་པོ་ཞིག་འཛོམས་ཡོད་སྟབས་ངོས་རང་ཁྱུག་ཙམ་ཞིག་ཁྱེད་རང་ཚོ་ཐུག་ཏུ་ཡོང་བ་ཡིན། ཨིན་སྐད་ལྟར་མ་སོང་ན་ཧེ་ལོ་ Hello ཟེར་ཆེད་ཡོང་བ་ཡིན། ཁྱེད་རང་ཚོ་འདིར་ཡོང་རྒྱུ་དེ་ཡང་དད་པ་དང་དགའ་ཞེན་བྱས་ནས་ཡོང་བ་རེད། སྤྱིར་ཆོས་ལུགས་ཚང་མའི་ནང་དད་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱི་དད་པ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ཆགས་ཀྱི་ཡོད། ཤེས་རབ་ཀྱི་གྲོགས་དང་བཅས་པ་ཟེར་ན། རྒྱུ་མཚན་བསམ་བློ་བཏང་བའི་ཐོག་ནས་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་བྱེད་རྒྱུ་རེད། དེ་འདྲ་ཡིན་དུས་འཛམ་གླིང་འདིའི་སྟེང་ཆོས་ལུགས་ཚང་མ་ཧ་ཅང་ཡག་པོ་ཡོད། མི་དུང་ཕྱུར་མང་པོོར་ཕན་བཞིན་ཡོད། ཧ་ཅང་ཡག་པོ་རེད། དེའི་ནང་ནས་སངས་རྒྱས་པའི་ཆོས་ལ་བཅོམ་ལྡན་འདས་ཀྱི་བཀའ། བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་བོད་ཡིག་ནང་ཡོད། དེ་བཞིན་བོད་ཡིག་ནང་མེད་པའི་བཀའ་འགྱུར་དེ་འདྲ་ཡོད་ས་རེད། དེར་བརྟེན་འཛམ་གླིང་འདིའི་སྟེང་སྟོན་པ་མང་པོ་བྱུང་བའི་ནང་ནས་གནས་ལུགས་འགྲེལ་བཤད་བརྒྱབ་པའི་ཐོག་ནས་དད་པ་དང་ལྷག་བསམ་བསྒྲུབ་རྒྱུ་དེ་རྒྱུ་མཚན་གྱི་ཐོག་ནས་བསྒྲུབ་རྒྱུ་ཡིན་སྟབས། བཅོམ་ལྡན་འདས་ཀྱིས་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་ཞིག་གསུངས་ཡོད་པ་དེའི་འགྲེལ་བ་རྒྱ་གར་མཁས་པ་གཙོ་བོ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་དགོངས་འགྲེལ་བརྩམས་པ་དེར་བསྟན་འགྱུར་ཞེས་པོ་ཏི་ཉིས་བརྒྱ་ལྷག་ཙམ་ཡོད། འཛམ་གླིང་འདིའི་སྟེང་ཆོས་ལུགས་ཚང་མས་མིར་ཕན་གྱི་ཡོད་པས་རྗེས་སུ་ཡི་རང་དང་། ཕྱག་བྱ་བར་འོས་པ་རེད། ཧ་ཅང་ཡག་པོ་རེད།
འོན་ཀྱང་ལྟ་གྲུབ་ཀྱི་རྣམ་གཞག་གི་ཐོག་ནས་འདི་ལྟ་བུའི་འགྲེལ་བཤད་ཡོད་པ་སངས་ རྒྱས་པའི་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཁོ་ན་ཡིན་པ་མ་ གཏོགས་གཞན་སུ་ཞིག་ལའང་མེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་གསུངས་ཡོད། བཅོམ་ལྡན་འདས་ལ་དད་གུས་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་སངས་རྒྱས་ཀྱི་བཀའ་ལ་ལམ་སང་ཡིད་ཆེས་མ་བྱས་པར་བརྟག་དཔྱད་བྱོས་ཞེས་གསུངས་ཡོད། དེ་ནི་འཛམ་གླིང་འདིའི་སྒང་གི་སྟོན་པ་མང་པོ་ཡོད་ཀྱང་སྟོན་པ་རང་རང་གི་བཀའ་ལ་ཡིད་ཆེས་བྱོས་ཞེས་གསུངས་པ་མ་གཏོགས། སྟོན་པ་རང་གི་གསུངས་པའི་བཀའ་དེར་ལམ་སང་ཡིད་ཆེས་མ་བྱས་པར་ཁྱེད་རང་ཚོས་བརྟག་དཔྱད་བྱོས། ཚོད་ལྟ་བྱོས་གསུང་མཁན་སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་མ་གཏོགས་སུ་ཡང་མེད། བརྟག་དཔྱད་བྱེད་སྐབས་འདི་ཡིན་ན་འདི་ཡིན་དགོས་ཀྱི་རེད། ཅེས་རྒྱུ་མཚན་སྒང་འགྲོ་དགོས་ཀྱི་ཡོད། དེར་བརྟེན་དཔལ་ནཱ་ལེནྡྲའི་མཁས་པ་ཚོས་འགྲེལ་བཤད་སྐྱོན་སྐབས་རྒྱུ་མཚན་བཀོད་ནས་འགྲེལ་བཤད་སྐྱོན་གྱི་ཡོད་སྟབས། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་དཔལ་ལྡན་ཆོས་གྲགས་ཀྱིས་ཚད་མའི་གཞུང་ལོགས་སུ་མཛད་ཡོད། ནང་པའི་ཡུལ་གྲུ་མང་པོ་ཡོད་པའི་ནང་ནས་ཕལ་ཆེར་བོད་ཁོ་ནར་མ་གཏོགས་ཚད་མའི་གཞུང་དེ་དག་ཆ་ཚང་ཞིག་བོད་སྐད་ནང་ཡོད་པ་དང་། དེར་སློབ་སྦྱོང་བྱེད་རྒྱུ་དེ་ཡང་ཕལ་ཆེར་བོད་གཅིག་པུ་མ་གཏོགས་མེད་པའི་བཟོ་འདྲ་འདུག དེར་བརྟེན་ང་ཚོས་བརྟག་དཔྱད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རྩིས་ཏེ་བརྟག་དཔྱད་བྱེད་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱི་བཀའ་ལ་ཡིན་ནའང་བརྟག་དཔྱད་བྱས་ནས། སངས་རྒྱས་ཀྱི་བཀའ་འདི་བཅོམ་ལྡན་འདས་ཀྱི་གསུངས་པ་རེད། འོན་ཀྱང་བཀའ་དེའི་དགོངས་གཞི་དགོས་པ་གཞན་ཞིག་ཐོག་ནས་གསུངས་པ་རེད་མ་གཏོགས་བཀའ་དེ་སྒྲ་ཇི་བཞིན་པར་ཁས་བླངས་དུ་རུང་གི་མ་རེད།
དཔེར་ན་མགོན་པོ་ཀླུ་སྒྲུབ་དང་དེ་བཞིན་གསལ་ཁ་བཏོན་ནས་གསུང་མཁན་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པའི་ནང་། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་འདིས་གསལ་བར་བྱེད། དེ་བཞིན་གཤེགས་པ་སྙིང་པོའི་མདོ་ལ་སོགས་པ་མདོ་བཅུ་གྲངས་ཤིག་གསུངས་ཡོད། དེའི་ནང་མདོ་སྡེ་དགོངས་འགྲེལ་བཀོད་ཡོད། མདོ་དེ་དག་བཅོམ་ལྡན་འདས་ཀྱི་བཀའ་རེད། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ཡང་མདོ་དེ་དག་ནས་གསུངས་པའི་དོན་དག་དེ་དག་སྒྲ་ཇི་བཞིན་པར་ཁས་བླངས་པ་ཡིན་ན་རིག་པས་གནོད་བཞིན་འདུག དེར་བརྟེན་སྒྲ་ཇི་བཞིན་པར་ཁས་བླངས་དུ་རུང་གི་མ་རེད། ཅེས་གསུངས་ཡོད། དེར་བརྟེན་དཔལ་ནལེནྡྲའི་ཆོས་བརྒྱུད་འཛིན་མཁན་ནང་དུ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་ཆགས་ཡོད་ཀྱང་ལྟ་གྲུབ་ལ་གོ་བ་ལེན་སྟངས་མི་འདྲ་བའི་ཐོག་ནས་གྲུབ་མཐའ་སྨྲ་བ་བཞི་ཡོད། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་བ། དེ་དག་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་པ་ཡིན་ཡང་ལྟ་གྲུབ་མི་འདྲ་བ་ཡོད།
འོན་ཀྱང་རིག་པས་དཔྱད་ནས་གོ་བ་མི་འདྲ་བའི་ཐོག་ནས་ལྟ་གྲུབ་མི་འདྲ་བ་བཞི་ཡོད། བཞི་པོ་དེར་ཡང་ནང་གསེས་ཀྱིས་ལྟ་གྲུབ་མི་འདྲ་བ་བྱས་ནས་ཧ་ལམ་བཅུ་གྲངས་ཤིག་ཡོད། དེར་བརྟེན་འདས་པའི་ལོ་ཧ་ལམ་ ༣༠ ཙམ་ཕྱིན་པ་རེད། ངོས་ཀྱིས་ཚན་རིག་པ་དང་ལྷན་འབྲེལ་བ་བྱས་ཡོད། གང་ཡིན་བརྗོད་ན། སངས་རྒྱས་པའི་ཆོས་འདི་བརྟག་དཔྱད་བྱས་ནས་འགྲོ་རྒྱུ་ཞིག་རེད་མ་གཏོགས་དད་པ་བྱས་ནས་འགྲོ་རྒྱུ་ཞིག་མ་རེད། དད་པ་གལ་ཆེན་པོ་རེད། འོན་ཀྱང་དད་པ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པ། རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་བྱེད་དགོས་སྟབས། རྒྱུ་མཚན་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་ང་ཚོས་རྒྱུ་མཚན་བེད་སྤྱོད་བྱ་རྒྱུ་ཞིག་ཆགས་པ་ཡིན་དུས། ཚན་རིག་པ་དང་ལྷན་ངོས་ཀྱི་འབྲེལ་བ་བྱས་པ་རེད། ཚན་རིག་པ་ཚོ་མཆོད་པ་ཡང་མ་རེད། ནང་པ་ལྟ་ཅི། དཔེར་ན་ཅུང་ཟད་ལྐོག་གྱུར་རིག་པས་དཔྱད་སྐབས་མཐར་མངོན་སུམ་ལ་གཏུགས་དགོས། མངོན་སུམ་ལ་གཏུགས་བརྗོད་སྐབས་མཐོང་བ་མངོན་གྱུར་ལ་ཐུག་བཞིན་ཡོད། ཤིན་ཏུ་ལྐོག་གྱུར། ཅུང་ཟད་ལྐོག་གྱུར། མཐོང་བ་མངོན་གྱུར། ཞེས་ཡོད་པའི་ནང་ནས་ཤིན་ཏུ་ལྐོག་གྱུར་གྱི་རྣམ་གཞག་དེ་དག་ལ་བསམ་བློ་གཏོང་སྐབས་ཅུང་ཟད་ལྐོག་གྱུར་ལ་བརྟེན་ནས་དཔེར་ན། དེ་བཞིན་གཤེགས་པའི་ལས་འབྲས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་གསུངས་པ་དེ་ཚོ་ཕལ་ཆེར་ཡིད་ཆེས་རྗེས་དཔག་སྒང་ལ་འགྲོ་དགོས་པ་ལྟ་བུ་ཆགས་ཡོད། དེ་འདྲའི་ཡིད་ཆེས་རྗེས་དཔག་ཟེར་བ་དེ་བཅོམ་ལྡན་འདས་ཀྱིས་གསུང་པ་རེད། ཅེས་བརྗོད་ཀྱི་མེད། བཅོམ་ལྡན་འདས་ཀྱིས་ལུང་དེ་དང་དེ་འདྲ་བ་མཐོང་བ་མངོན་གྱུར་དང་ཅུང་ཟད་ལྐོག་གྱུར་སྟོན་པའི་རིགས་དེ་དག་ལ་བཅོམ་ལྡན་འདས་ཀྱི་གསུང་ལ་སྔ་ཕྱི་དངོས་ཤུགས་འགལ་བ་མེད་པ། དེ་འདྲའི་ཐོག་ནས་རྒྱུ་མཚན་ལ་བསམ་བློ་བཏང་ནས་ཡིད་ཆེས་རྗེས་དཔག་བསླེབས་ཀྱི་ཡོད།
དེེར་བརྟེན་ཡིད་ཆེས་རྗེས་དཔག་བསླེབས་ཟེར་བ་དེ་ཡང་ཅུང་ཟད་ལྐོག་གྱུར་རིགས། བརྟག་དཔྱད་བྱས་ནས་དཔོག་ཐུབ་པའི་རིགས་འདི་ཅུང་ཟད་ལྐོག་གྱུར་ཞེས་པ་དེས་བཤད་ཀྱི་ཡོད། དཔེར་ན་སྟོང་ཉིད་ལ་མཚོན་ན་ཅུང་ཟད་ལྐོག་གྱུར་གྲས་རེད། དེ་རིག་པས་བསྒྲུབ་དགོས་པ་རེད། དེ་འདྲ་དེ་ཡང་མཐར་རང་བཞིན་སྟོང་པ་རེད་ཟེར་བ་དེ་ཡང་མཐར་གཏུགས་སྐབས་རྒྱུ་འབྲས་རྟེན་འབྱུང་རེད་འདུག ཅེས་མཐོང་བ་མངོན་གྱུར་ལ་གཏུགས་བཞིན་ཡོད། དེར་བརྟེན་ཚན་རིག་པ་ཚོས་བརྟག་དཔྱད་བྱེད་སྐབས་མཐོང་བ་མངོན་གྱུར་སྒང་ལ་འགྲོ་བཞིན་ཡོད། སངས་རྒྱས་པའི་གཞུང་ནས་རིག་པས་བསྒྲུབ་ཡོང་སྐབས་མཐར་མྱོང་བ་ལ་གཏུགས་རྒྱུ་རེད། མཐོང་བ་མངོན་གྱུར་ལ་གཏུགས་རྒྱུ་རེད། དེར་བརྟེན་ཚན་རིག་པ་དང་ལྷན་ངོས་ཀྱིས་འབྲེལ་བ་བྱས་པ་རེད། ཕལ་ཆེར་ལོ་ ༣༠ ལྷག་ཙམ་ཕྱིན་པ་རེད། ངོས་ཀྱིས་ཐོག་མར་ཚན་རིག་པ་དང་འབྲེལ་བྱེད་སྐབས་ངོས་ཀྱི་ཆོས་གྲོགས་འགའ་ཤས་ཀྱིས་ཚན་རིག་པ་དང་འབྲེལ་བ་བྱེད་རྒྱུ་མེད། དེ་ཉེན་ཁ་ཆེན་པོ་རེད། ཅེས་བརྗོད་བྱུང་། དེར་ཉེན་ཁ་གང་ཡང་མིན་འདུག ང་ཚོས་དངོས་ཡོད་གནས་ཚུལ་ལ་དཔྱད་བཞིན་ཡོད། ཚན་རིག་པས་དངོས་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱས་ནས་ར་འཕྲོད་པ་ཞིག་ཡོད་ན། ནང་པའི་གཞུང་ནས་གསུངས་ཡོད་ནའང་དེར་ཁས་ལེན་བྱེད་དགོས་མ་རེད། དཔེར་ན། ང་ཚོའི་དཔེ་ཆའི་ནང་འཛམ་གླིང་ལེབ་ལེབ་དང་། དབུས་སུ་རི་རབ་ཡོད་པ། རི་རབ་གཡས་གཡོན་དུ་ཉི་ཟླ་འགྲོ་བཞིན་ཡོད་པ་མངོན་པ་མཛོད་ནང་གསུངས་ཡོད། དེ་སྒྲ་ཇི་བཞིན་པར་ཁས་བླངས་ན་དེང་སྐབས་ཚན་རིག་པ་ཚོས་དངོས་སུ་མཐོང་བ་དེ་དག་འགལ་བར་འགྲོ་བཞིན་ཡོད།
དེར་བརྟེན་ཚན་རིག་པས་མཐོང་བ་དེ་གལ་ཆེ་བར་བརྩི་དགོས། དཔེར་ན་ངོས་ལ་མཚོན་ན་རི་རབ་ཁས་ལེན་གྱི་མེད། ཁྱེད་རང་ཚོ་སྤོ་རྨོ་ཚོས་མཎྜལ་ཕུལ་བ་དེར་སྐྱོན་གང་ཡང་མེད། བཅོམ་ལྡན་འདས་འཛམ་གླིང་དུ་ཕེབས་པ་དེ་ཉོན་མོངས་དུག་གསུམ་སེལ་ཆེད་ཕེབས་པ་རེད་མ་གཏོགས། འཛམ་གླིང་ཐིག་རྒྱག་ཆེད་ཕེབས་མེད། ཅེས་ངོས་ཀྱིས་དེ་ལྟར་ཤོད་བཞིན་ཡོད། དུས་རབས་ལྔ་པའི་ནང་ནཱ་ལེནྡྲའི་མཁས་པ་ཞིག་གིས་འཛམ་གླིང་ལྡུམ་པོ་ཡིན་པ་བརྟག་དཔྱད་གནང་ནས་གསུངས་ཡོད། བཅོམ་ལྡན་འདས་ཀྱི་གཞུང་ནང་ཤེས་རབ་ཧ་ཅང་གལ་ཆེན་པོ་རེད། ཤེར་ཕྱིན་གཞུང་གི་མཚན་ལའང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྗོད་བཞིན་ཡོད། སྙིང་རྗེའི་ཕ་རོལ་དུ་ཕྱིན་པ་ཞེས་བརྗོད་ཀྱི་མེད། དད་པའི་ཕ་རོལ་དུ་ཕྱིན་པ་ཞེས་མི་བརྗོད། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྗོད་བཞིན་ཡོད། དེར་བརྟེན་ཤེས་རབ་ཧ་ཅང་གལ་ཆེན་པོ་རེད།
ཤེས་རབ་ལའང་དངོས་སུ་བསམ་བློར་འགུལ་ཐུབ་པ་བྱེད་མཁན་དེ་སྒོམ་བྱུང་གི་ཤེས་རབ་རེད། སྒོམ་བྱུང་གི་ཤེས་རབ་ཡོང་བར་བསམ་བློ་བཏང་ནས་སེམས་ནས་ངེས་པ་ཐོབ་པའི་རྗེས་དཔག་ཚད་མ་ཕལ་ཆེར་རེད། བསམ་བྱུང་གི་ཤེས་རབ་ཟེར་བ་དེ་ཕལ་ཆེར་རེད། བསམ་བྱུང་ཤེས་རབ་ཡོང་བར་སྔོན་ལ་ཐོས་བྱུང་ཤེས་རབ་དགོས། དེར་བརྟེན་དཔེ་ཆ་ལྟ་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད། ཁྱེད་ཚོས་ནང་ཆོས་གཞུང་དེ་དག་ལ་གང་ཐུབ་སློབ་གཉེར་བྱོས། དེར་བགྲོ་གླེང་བྱོས། ཐོས་བྱུང་གི་ཤེས་རབ་དེར་རིམ་བཞིན་སོ་སོས་བསམ་བློ་བཏང་། གོ་བསྡུར་བྱས་ནས་བསམ་བྱུང་གི་ཤེས་རབ་སྐྱེ་ཐུབ་པ་བྱས། བསམ་བྱུང་གི་ཤེས་རབ་ཐོག་ནས་ཡང་ཡང་བསམ་བློ་བཏང་ན་སྒོམ་བྱུང་གི་ཤེས་རབ་རྒྱུད་ལ་སྐྱེ་ཡོང་གི་རེད། སྒོམ་བྱུང་གི་ཤེས་རབ་དེས་ཉོན་མོངས་ལ་བཟོ་བཅོས་བརྒྱག་གི་རེད། ཉོན་མོངས་ལ་འགུལ་སྐྱོད་ཐེབས་རྒྱུ་རེད། དེ་ཁྱོད་ཚོས་སེམས་ལ་ཞོག ད་ཆ་ངོས་རང་ལོ་ ༨༡ ལ་བསླེབས་ཡོད།
འོན་ཀྱང་ངོས་ལ་དུས་ཚོད་ནམ་བྱུང་སྐབས་དཔེ་ཆ་བལྟས་བསམ་བློ་བཏང་ནས་སྡོད་ཀྱི་ཡོད། སློབ་སྦྱོང་བྱེད་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོ་གཞོན་པ་ཚོ་ལྟ་ཅི་སྨོས། རྒན་པ་ཚོས་ཀྱང་གང་ཐུབ་བསམ་བློ་བཏང་བ་ཡིན་ན། ཆོས་རྗེ་ས་པཎ་གྱིས། རིག་པ་ནང་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། ཞེས་སོགས་ཀྱི་བཀའ་སློབ་སྩལ། །