༢༠༡༦ ཟླ་ ༨ ཚེས་ ༥ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་ས་གནས་ནས་བཏང་འབྱོར་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གྲོ་ལོད་ཀྱི་ལྗགས་བསྙེན་གྲུབ་མཚམས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྔ་འགྱུར་བྲག་ཐོག་དགོན་དུ་ཆིབས་སྒྱུར་བསྐྱངས་ནས་དགོན་པའི་འདུ་ཁང་གསར་པ་དབུ་འབྱེད་རབ་གནས་དང་། གཏང་རག་གི་ཚོགས་མཆོད་འབུལ་བཞེས་མཛད།
དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་རྒྱང་ཐག་སྤྱི་ལེ་ ༤༠ སར་ཡོད་པའི་སྔ་འགྱུར་བྲག་ཐོག་དགོན་ཆོས་འཁོར་པདྨ་གླིང་དུ་ཆིབས་སྒྱུར་གྱིས་ཆུ་ཚོད་ ༧།༣༠ ཐོག་བྲག་ཐོག་དགོན་པར་༸ཞབས་སོར་འཁོད་སྐབས། དགོན་པའི་སློབ་དཔོན་དང་སློབ་དཔོན་ཟུར་པ། ས་གནས་ཀྱི་གནད་ཡོད་མི་སྣ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
སྐབས་དེར་ཐོག་མར་དགེ་འདུན་པ་ཁག་གཅིག་གིས་ཤིས་བརྗོད་གསུང་འདོན་དང་སྦྲགས། ༸གོང་ས་མཆོག་གིས་དགོན་པའི་འདུ་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་རྗེས་འདུ་ཁང་ནང་གནས་གཟིགས་མཛད། དེ་ནས་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན། སློབ་དཔོན་མཆོག་གིས་མགོན་པོ་གང་ཉིད་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་༸གོང་ས་མཆོག་གིས་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཆོ་གའི་སྒོ་ནས་གསོལ་ཚོགས་འབུལ་བཞེས་མཛད་པ་དང་ཆབས་ཅིག དེར་འདུས་དགེ་འདུན་པ་དང་དད་ལྡན་མང་ཚོགས་ནས་ཚིག་བདུན་གསོལ་འདེབས་དང་བར་ཆད་ལམ་སེལ། རྡོ་རྗེ་གྲོ་ལོད་ཀྱི་གཟུངས་སྔགས་སོགས་བཏོན།
ཚོགས་མཆོད་ཀྱི་ཆོ་ག་གྲུབ་རྗེས་འདུ་ཁང་གི་ཕྱི་རོལ་དུ་འདུས་པའི་ས་གནས་ཀྱི་དད་ལྡན་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཤིག་ལ་༸གོང་ས་མཆོག་གིས་ཆོས་འབྲེལ་དང་བཀའ་སློབ་ཐུང་ངུ་ཞིག་སྩལ་བའི་ནང་། ནང་པ་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་དང་། མི་སྐྱ་ཕོ་མོ་རྒན་གཞོན་ཚང་མས་སངས་རྒྱས་ཀྱི་གསུང་གཞུང་ཆེན་ཁག་ལ་བློ་ཟུ་བོར་གནས་པའི་ཐོག་ནས་སློབ་སྦྱོང་བྱེད་ནས་དེའི་ཐོག་གོ་བསྡུར་དང་བགྲོ་གླེང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་སློབ་ཕྲུག་ཚོར་གནའ་དེང་གི་ཤེས་ཡོན་ཟུང་སྦྲེལ་ཐོག་ཕྱི་དངོས་པོ་ཡར་རྒྱས་ཙམ་མིན་པར་ནང་སེམས་ཀྱི་ཞི་བདེའི་ཐོག་དོ་སྣང་དགོས་གལ་སྐོར་བཀའ་སློབ་སྩལ།
སྤྱིར་འདུ་ཁང་དེའི་ནང་རྟེན་གཙོ་བོ་གུ་རུ་རིན་པོ་ཆེ་དང་། དེའི་གཡས་སུ་གུ་རུ་རྡོ་རྗེ་གྲོ་ལོད། གཡོན་དུ་གུ་རུ་པདྨ་རྒྱལ་པོ་བཅས་གསུམ་གྱི་སྐུ་བརྙན་ཐོག་རྩེགས་གཅིག་ཙམ་གྱི་མཐོ་ཚད་ཅན་ཞིག་བཞེངས་ཡོད། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་བརྙན་དེ་བཞིན་དེ་སྔ་བོད་བསྟན་སྲིད་ཀྱི་ཆེད་དུ་བཞེངས་པ་ཞིག་ཡིན་པ་དང་། ད་ཐེངས་ལ་དྭགས་སུ་༸ཞབས་སོར་འཁོད་རྗེས་བདུན་ཕྲག་གཅིག་གི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ལྗགས་བསྙེན་མཛད་ཡོད།
བྲག་ཐོག་དགོན་དུ་ཆིབས་སྒྱུར་མཛད་འཕྲིན་སྐོར་དགོན་པའི་དགེ་རྒན་སློབ་དཔོན་བཤད་སྒྲུབ་དཀོན་མཆོག་ལགས་ཀྱིས་ངོ་སྤྲོད་གནང་དོན། རྩ་བའི་བྲག་ཐོག་དགོན་པ་དེ་བཞིན་སྔ་འགྱུར་རྙིང་མའི་མ་དགོན་ཐུབ་བསྟན་རྡོ་རྗེ་ བྲག་ཨེ་ཝམ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་གི་ཡན་ལག་དགོན་པ་ཞིག་ཡིན་པ་དང་། དགོན་པའི་དགོན་བདག་ཞིང་གཤེགས་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ཡིན་པ་རེད། ད་ལྟའི་ཆར་དགེ་འདུན་པ་ཞལ་གྲངས་བཞི་བཅུ་ལྷག་ཙམ་སློབ་གཉེར་གནང་བཞིན་ཡོད། ཅེས་གསུངས།།