༢༠༡༠ ཕྱི་ཟླ་ ༦ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༧ ཉིན་ཡུ་རོབ་ཁུལ་དུ་ཡོད་པའི་ནོར་ཝེའི་ (Norway) རྒྱལ་ས་ཨོ་སི་ལོའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་གཞོན་པ་ལྕམ་སྐུ་ཕུ་ཡིན་ (H.E.Fu Ying) མཇལ་འཕྲད་བྱུང་ཡོད། དེ་ཉིན་རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་གཞོན་པས་རྒྱལ་ས་ཨོ་སི་ལོའི་ནང་ནོར་ཝེའི་རྒྱལ་སྤྱིའི་ཕྱི་འབྲེལ་ལས་དོན་ཚོགས་ཁང་ (Norwegian Institute of International Affairs) ནང་གཏམ་བཤད་བྱས་ཡོད། སྐབས་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པས་མ་འོངས་པར་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་བྱེད་རྒྱུར་སྒོ་མོ་རྟག་ཏུ་ཕྱེ་ཡོད། བོད་ནི་ཧ་ཅང་གི་ཡུལ་མཐའ་འཁོབ་གཅིག་ཡིན། དེར་བརྟེན་བོད་ནང་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་དམིགས་བསལ་བ་ཞིག་ཚོལ་ཐབས་བྱེད་པ་དང་། ཆབས་གཅིག་རིག་གཞུང་དང་ལེགས་བྱང་གཅེས་འཛིན་ཐུབ་པ་དགོས། ལས་གཞི་དེ་དཀའ་ངལ་ཅན་ཞིག་ཡིན། བོད་ཀྱི་རིག་གཞུང་དེ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་མ་ཟད། ཧ་ཅང་རིན་ཐང་ཅན་ཞིག་ཡིན། ཉེ་ལམ་བོད་ནང་ཡར་རྒྱས་གཏོང་ཕྱོགས་ཐད་རྒྱལ་ཡོངས་མི་མང་ཚོགས་འདུ་ཚོགས་ཡོད། བོད་ནང་ཡར་རྒྱས་གཏོང་ཆེད་དཔལ་འབྱོར་གྱི་མ་རྩ་ཧ་ཅང་ཕོན་ཆེ་བཙུག་པའི་ཐོག་གཞི་རྒྱ་ཆེ་བའི་རོགས་རམ་བྱེད་དགོས་པ་ཞིག་ཆགས་ཡོད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སླད་བོད་ཀྱི་ས་ཆ་བརྒྱ་ཆ་ ༣༧ ཙམ་གཞུང་གི་སྟངས་འཛིན་འོག་སྲུང་སྐྱོབ་བྱེད་རྒྱུ་ཡིན། ང་རང་བོད་ལ་དགའ་པོ་ཡོད། བོད་ཀྱི་ས་དེར་ང་རང་སེམས་ཆགས་སོང།
འདི་ལོའི་དབྱར་དུས་ཀྱི་གུང་གསེང་དེ་བོད་ནང་གཏོང་འཆར་ཡོད་ཅེས་ཀྱི་གཏམ་བཤད་བྱས་ཡོད། ཚོགས་འདུའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ཀྱང་ལྷན་ཞུགས་གནང་ཡོད། ཚོགས་འདུའི་གཏམ་བཤད་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་དང་རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་གཞོན་པ་ལྷན་རྒྱས་མཇལ་འཕྲད་བྱུང་རྗེས་ཚོགས་གཙོ་མཆོག་གིས་གསུང་དོན། རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་གཞོན་པས་བརྗོད་པར་གཞིགས་ན་ལྷག་བསམ་རྣམ་དག་ཡིན་པ་མངོན་བཞིན་འདུག གལ་ཏེ་རྒྱ་ནག་གཞུང་གི་བློན་ཆེན་གཞོན་པས་གང་བརྗོད་པ་དེ་དོན་ལ་གནས་ན་བོད་ཀྱི་གནད་དོན་སེལ་ཆེད་རྒྱུན་མཐུད་ནས་འབྲེལ་མོལ་བྱེད་རྒྱུའི་རྒྱ་ནག་གཞུང་གི་ལངས་ཕྱོགས་དེར་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་པའི་རྣམ་པ་ཞིག་ཡིན་སྲིད་པ་རེད་ཅེས་གསུངས་ཡོད།།