༢༠༡༦ ཟླ་ ༧ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཁམས་སྐྱེ་རྒུ་མདོ་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་བཙོན་འཇུག་དུས་ཡུན་ཚང་ནས་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་འདུག དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། མཁན་པོ་ཀརྨ་ཚེ་དབང་ལགས་ཕྱི་ཟླ་ ༦ ཚེས་ ༤ ཉིན་རྒྱ་ནག་གི་བཙོན་འོག་ནས་གློད་བཀྲོལ་བཏང་ཡོད་ཀྱང་། ད་ལྟ་དགོན་པར་ཕེབས་མ་བཅུག་པར་མུ་མཐུད་ལྟ་ཞིབ་འོག་ཡོད་འདུག དེ་སྔ་ཁོང་ལ་ཆབ་མདོ་ས་གནས་ཁྲིམས་ཁང་གིས་སྦས་སྲུང་གི་ཉེས་པ་ཟེར་བའི་མིང་ཐོག་ནས་ལོ་གཉིས་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། བཙོན་ཁང་དུ་ཡོད་སྐབས་ཁོང་གི་སྐུ་གཟུགས་གནས་སྟངས་ཞན་པོ་ཡོད་པ་དང་ནད་རྙིང་གསོ་བཅོས་ཀྱི་མཐུན་རྐྱེན་མེད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་ཀྱང་།
ད་ལྟའི་ཆར་སྐུ་གཟུགས་གནས་སྟངས་གང་འདྲ་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད། དེ་བཞིན་བརྒྱུད་ལམ་ཁག་ཏུ་མཁན་པོ་ཀརྨ་ཚེ་དབང་ལགས་ཀྱིས་ང་སླར་ཡང་མི་ཡུལ་དུ་ཐོན་ཡོད། ཟེར་བའི་འཕྲིན་ཐུང་ཞིག་ཀྱང་ཐོན་བཞིན་འདུག འཕྲིན་ཐུང་དེའི་ནང་། སྙིང་ཉེ་བའི་ཁྱེད་ཅག་གི་ཐུགས་ཁུར་དང་གདུང་སེམས། རྒྱབ་སྐྱོར་དང་སྨོན་འདུན་གྲངས་མེད་ཀྱིས་ང་སླར་ཡང་མི་ཡུལ་དུ་བསླེབས་ཡོད། ཞེན་དྲགས་པའི་འགན་འཁྲི་དེ་དག་གི་ཆེད་དུ། བགྲོད་མ་ཚར་བའི་ལམ་བུ་དེ་དག་གི་ཆེད་དུ། མི་ཡུལ་གྱི་སྤྱི་ཆོས་དང་ལྷ་ཡུལ་གྱི་སྒེར་ཆོས་དེ་དག་གི་ཆེད་དུ། ལུས་ཕུང་བདེ་ཐང་དང་སེམས་ཁམས་དྭངས་གསལ་ངང་ང་སླར་ཡང་མི་ཡུལ་དུ་ཐོན་ཡོད། དཀོན་མཆོག་མཁྱེན། ང་ཚོའི་འཇིག་རྟེན་ལ་རང་དབང་གི་འོད་སྣང་འཕྲོ་བར་ཤོག ཅེས་འཁོད་འདུག སྤྱིར་མཁན་པོ་ཀརྨ་ཚེ་དབང་ལགས་ནི་ནང་ཆེན་ཕྱོགས་ཀྱི་མཁན་པོ་མིང་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད། ནང་ཆོས་སློབ་གཉེར་ཡག་པོ་ཡོད་མཁན་ཞིག་དང་། རྒྱུན་དུ་ས་གནས་སུ་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་ལ་སྲུང་སྐྱོབ་གནང་མཁན་ཞིག་དང་། མང་ཚོགས་ལ་འཕྲོད་བསྟེན་ཤེས་བྱ་ཁྱབ་སྤེལ་དང་བོད་སྐད་ཡིག་སློབ་གསོ་སྤེལ་མཁན་ཞིག་ཡིན་པ་བཅས་ས་གནས་བོད་མི་ཚོས་གུས་བཀུར་ཞུ་ས་ཞིག་ཡིན་པར་བརྟེན། རྒྱ་གཞུང་ནས་ཁོང་འཛིན་བཟུང་བྱེད་སྐབས་ནང་ཆེན་ཁུལ་གྱི་ས་གནས་མང་ཚོགས་བཞི་སྟོང་ཙམ་ནས་མཁན་པོ་གང་མྱུར་གློད་བཀྲོལ་དགོས་པའི་ཞུ་འབོད་ཐེངས་མང་བྱས་ཡོད་པ་རེད། །