༢༠༡༦ ཟླ་ ༧ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༤༣ བོད་ཟླ་ ༥ ཚེས་ ༡༤ ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༨ ཉིན་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་དུ་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་གཞུང་འབྲེལ་ལྷ་མི་ལྷན་འཛོམས་ཀྱི་རྗེས་འབྲེལ་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་གནས་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་། གནས་ཆུང་སྐུ་རྟེན་དང་རིན་པོ་ཆེ། སློབ་དཔོན། དགེ་བསྐོས་བཅས་ནས་སྤོས་སྣེ་སྔུན་བསུས་ཏེ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་ཞབས་སོར་འཁོད་བསྟུན། གནས་ཆུང་སྐུ་རྟེན་དང་རིན་པོ་ཆེ། དབུ་འཛིན་སྐུ་ཞབས་བགྲེས་པ་ཐུབ་བསྟན་ཤེས་རབ་མཆོག་བཅས་ནས་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་བྱང་གཏེར་ནང་སྒྲུབ་བླ་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་ག་གསུང་མུར་གསོལ་ཇ་དང་འབྲས་སིལ་ཕུལ། མཇུག་ཏུ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་སློབ་དཔོན་གྱིས་དབུས་པའི་གྲྭ་མང་དང་སྐུ་མགྲོན་བཅས་ལ་མཇལ་ཕྱག་གནང་སྟེ་གསོལ་ཚོགས་གྲོལ།
སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་གནས་ཆུང་སྒྲ་དབྱངས་གླིང་དགོན་གྱི་འདུ་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ། སྐུ་མགྲོན་བཅས་ལྷན་འཛོམས་ཐོག་རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོར་སྤྱན་འདྲེན་ཞུས་ཏེ་སྲིད་སྐྱོང་མཆོག་གིས་དབུས་མཛད་གཙོ་རྣམ་པས་མཇལ་ཕྱག་ཞུས་རྗེས་རིམ་བཞིན་སྐུ་མགྲོན་རྣམས་ལ་མཇལ་ཁ་གནང་ཡོད། དེ་ནས་མ་ཧཱ་གུ་རུའི་སྐུ་བརྙན་རིན་པོ་ཆེ་ཕེབས་བྱམས་ཐོག་གཙུག་ལག་ཁང་གི་ཕྱི་རོལ་ཞབས་བསྐོར་དུ་རྒྱལ་མཚན་རུ་དར་གྱིས་སྣེ་དྲངས་ཏེ་གཙུག་ལག་ཁང་དུ་ཞབས་བསྐོར་ཕེབས་ཡོད་པ་བཅས།།