༢༠༡༦ ཟླ་ ༧ ཚེས་ ༦ རེསག་ཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༦ ༸སྐུའི་འཁྲུངས་སྐར་ཉིན་སྲི་ཞུའི་ལས་བྱེད་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལས་བྱེད་གསུམ་ལ་སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ལེགས་སྐྱེས་ཕྱག་རྟགས་ཕུལ་ཡོད།
སྲི་ཞུའི་ལས་བྱེད་རྣམ་པའི་ལོ་རྒྱུས་སྙིང་བསྡུས།
༡། ཟུང་སྦྲེལ་དྲུང་ཆེ་ཟུར་པ་རྡོ་རྗེ་སྒྲོལ་མ་ལགས་ནི།
ཕྱི་ལོ་ ༡༩༨༧ ལོར་ལས་བྱེད་དུ་ཞུགས་ནས་ཐོག་མ་གནས་དགུ་པའི་ཐོག་རྡ་ས་མཉམ་ལས་བཟོ་གྲྭའི་དངུལ་གཉེར་གནང་བ་དང་། དེ་ནས་རིམ་པས་ལས་དོ་དང་སྡེ་ཚན་འགན་འཛིན་གནས་རིམ་ལ་གནས་སྤར་བྱུང་ནས་རྡ་ས་མཉམ་ལས་བཟོ་གྲྭའི་རྩིས་པའི་ལས་འགན་གནང་། ཕྱི་ལོ་ ༡༩༩༧ ལོར་དྲུང་གཞོན་ལས་རོགས་སུ་གནས་སྤར་གྱིས་བོད་ཀྱི་ཟློས་གར་ཚོགས་པའི་ལས་དྲུང་གི་ལས་འགན་ཞུས་པ་དང་། ལོ་གསུམ་ལྷག་གི་རྗེས་སུ་དྲུང་གཞོན་དུ་གནས་རིམ་ཕར་ནས་ས་ཊོན་བཟོ་གཞིས་ས་གནས་འགོ་འཛིན་དུ་གནས་སྤོས་གནང་། ཕྱི་ལོ་ ༢༠༠༣ ལོར་ལོ་གཅིག་རིང་ཨ་རིར་གཞུང་འབྲེལ་མིན་པའི་ཕོགས་མེད་སློབ་བསྐྱོད་ལ་ཕེབས་པ་དང་། དེ་ནས་ནང་སྲིད་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་བཅས་སུ་དྲུང་གཞོན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༦ ལོར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁང་དུ་གནས་སྤོས་བྱུང་ནས་དོན་ཁང་དེར་ལོ་བཞི་དང་ཕྱེད་ཀ་ལྷག་ཙམ་གྱི་རིང་ཕྱག་ལས་གནང་བ་དང་། དེའི་རིང་དྲུང་གཞོན་ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས་གནང་། ཕྱི་ལོ་ ༢༠༡༡ ལོར་བཀའ་དྲུང་ཡིག་ཚང་ཁྱབ་ཁོངས་ངེས་མེད་ལས་གཞི་སྡེ་ཚན་དུ་གནས་སྤོས་དང་། དེ་ནས་ཤེས་རིག་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༣ ལོར་ལོ་གཉིས་རིང་དམིགས་བསལ་ཕོགས་མེད་དགོངས་པ་ཞུས་པ་དང་། དགོངས་ཞུ་ནས་ཕྱིར་འཁོར་མཚམས་བཀའ་ཡིག་ཁྱབ་ཁོངས་བར་བརྒལ་ལས་བཀོད་ཚན་པའི་ཟུང་དྲུང་དུ་ལས་འགན་བཀོད་སྒྲིག་གནང་། མཐའ་མར་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༢ ཉིན་ནས་བགྲེས་ཡོལ་སྔ་བསྣུར་ཞུས་པ་བཅས་ད་བར་ཞབས་ལོ་ ༢༥ ལྷག་ཞབས་ཕྱི་ཞུས་ཡོད།
༢། ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་དྲུང་གཞོན་ལེགས་སྐྱེས་རྡོ་རྗེ་ལགས་ནི།
ཕྱི་ལོ་ ༡༩༩༡ ལོར་གནས་དགུ་པ་ལས་ངོའི་ཐོག་བལ་ཡུལ་འཇོ་ལ་ཁེལ་བཟོ་གྲྭའི་ཐོན་དོར་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༩༢ ལོར་ལས་དྲུང་གི་གནས་རིམ་ཐོག་བསྐོ་གཞག དེ་ནས་
གནས་རང་འཇགས་ཐོག་ཏི་ཛུ་མཉམ་སྦྲེལ་གྱི་རྩིས་པར་གནས་སྤོས་གནང་། ཕྱི་ལོ་ ༡༩༩༦ ལོར་ལས་དྲུང་ནས་ལས་ཁུངས་དོ་དམ་པར་གནས་སྤར་བྱུང་ནས་ཏི་ཛུ་མཉམ་སྦྲེལ་གྱི་རྩིས་པའི་ལས་འགན་རང་འཇགས་གནང་། དེ་ནས་ཕྱི་ལོ་ ༡༩༩༨ ལོ་ནས་བཟུང་ལོ་དྲུག་གི་རིང་ཨོ་རི་ས་ཕུན་ཚོགས་གླིང་མཉམ་སྦྲེལ་དང་། འབུམ་ལ་བསྟན་སྒང་མཉམ་སྦྲེལ་སོ་སོའི་དྲུང་ཆེ་ལས་ཚབ་གནང་བ་དང་། སྐབས་དེར་སྡེ་ཚན་འགན་འཛིན་དང་དྲུང་གཞོན་ལས་རོགས་གནས་རིམ་དུ་རིམ་པས་གནས་སྤར་གནང་། དེ་ནས་ཕྱི་ལོ་ ༢༠༠༤ ལོར་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དུ་གནས་སྤོ་དང་། སྐབས་དེར་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། དེ་ནས་རིམ་པས་འབུམ་ལ་བསྟན་འཛིན་སྒང་དང་། ལྡི་ལི་བསམ་ཡས་གླིང་བཅས་ཀྱི་ས་གནས་འགོ་འཛིན་གནང་། ཕྱི་ལོ་ ༢༠༡༤ ལོར་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་གྱི་ལས་འགན་རང་འཇགས་ཐོག་ལོ་གཉིས་རིང་བགྲེས་ཡོལ་ཕར་འགྱངས་དང་སླར་ཡང་ཕྱི་ལོ་ ༢༠༡༦ ལོར་ལོ་གཅིག་རིང་བགྲེས་ཡོལ་ཕར་འགྱངས་ཀྱིས་ད་ལྟ་ལྡི་ལི་བསམ་ཡས་གླིང་གི་ས་གནས་འགོ་འཛིན་གྱི་ལས་འགན་གནང་མུས་ཡིན་པ་བཅས་ཞབས་ལོ་ཉི་ཤུ་རྩ་ལྔ་ལྷག་ཞབས་ཕྱི་ཞུས་ཡོད།
༢། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སྐལ་བཟང་ལྷུན་གྲུབ་ལགས་ནི།
ཕྱི་ལོ་ ༡༩༩༡ ལོར་ཐོག་མ་གནས་དགུ་པ་ལས་ངོའི་ཐོག་སིམ་ལ་བདེ་བཟོའི་ལས་དྲུང་དུ་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༢ ལོར་ལས་དྲུང་གནས་རིམ་དུ་བསྐོ་གཞག་བྱུང་ནས། ལོ་དེའི་ནང་ནང་སྲིད་ལས་ཁུངས་ཀྱི་རྩིས་པའི་ལས་འགན་ཐོག་གནས་སྤོས་གནང་། ཕྱི་ལོ་ ༡༩༩༣ ལོར་ལས་ཁུངས་དོ་དམ་པའི་གནས་རིམ་ཐོག་ཡིག་རྒྱུགས་འཕྲོད་ནས་མུ་མཐུད་ནང་སྲིད་ལས་ཁུངས་སུ་བསྐོ་གཞག ཕྱི་ལོ་ ༡༩༩༩ ལོར་སྡེ་ཚན་འགན་འཛིན་གནས་རིམ་དུ་གནས་སྤར་བྱུང་བ་དང་། ལོ་དེར་ཁོང་ལ་ལས་བྱའི་སྡེ་ཚན་ཁོངས་ལས་དོན་གཟེངས་ཐོན་བྱུང་བར་ངོས་འཛིན་གྱིས་སུད་སི་བོད་མིའི་གཟེངས་རྟགས་གནང་། ཕྱི་ལོ ༢༠༠༠ ལོར་སྡེ་ཚན་འགན་འཛིན་གྱི་གནས་རིམ་རང་འཇགས་ཐོག་ཐེ་ཝན་སྐུ་ཚབ་དོན་གཅོད་ལས་ཁང་གི་རྩིས་པར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༧ ལོར་ཞབས་ལོའི་བབས་ཀྱི་དྲུང་གཞོན་ལས་རོགས་གནས་རིམ་དུ་གནས་སྤར་གནང་། འོན་ཀྱང་གནས་སྤར་དྭང་ལེན་ཞུས་མེད་སྟབས་ཕྱི་ལོ་ ༢༠༡༤ ལོ་ཕྱེད་བར་སྒྲིག་གསལ་སྡེ་ཚན་འགན་འཛིན་གནས་རིམ་རང་འཇགས་སུ་བཞུགས། དེ་ནས་ཕྱི་ལོ་༢༠༡༤ ལོར་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས་གནང་བ་དང་། ལོ་དེའི་ནང་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་དུ་གནས་སྤར་བྱུང་ནས་ད་ལྟའི་ཆར་ཕྱི་དྲིལ་ལས་ཁུངས་སུ་ཕྱག་ལས་གནང་མུས་ཡིན་པ་བཅས་ད་བར་ཞབས་ལོ་ ༢༥ ལྷག་ཞབས་ཕྱི་ཞུས་ཡོད།།