ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢ རེས་གཟའ་སྤེན་པ།
༄༅།།འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་མོན་གྷོ་འདོད་རྒུ་གླིང་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དང་། རྭ་སྟོད། རྒྱུད་གྲྭ་སྟོད་སྨད། བཀྲི་ཤིས་ལྷུན་པོ། རྫོང་དགའ་ཆོས་སྡེ། དེ་བཞིན་བོད་ནས་ཕེབས་པའི་དགེ་འདུན་པ་ཁག་གཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་ཡོད།
དེ་ཡང་ཐེངས་འདིའི་བསྙེན་རྫོགས་ཀྱི་སྡོམ་པ་སྩོལ་བཞིན་པ་འདི་ནི་དེ་རིང་ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༥ བར་དགེ་འདུན་པ་གྲངས་ ༩༠༠ ཙམ་ལ་སྡོམ་པ་བསྩལ་རྒྱུ་ཡིན་འདུག དེ་རིང་ཉིན་དང་པོའི་ཐོག་དགེ་འདུན་པ་ཞལ་གྲངས་ ༨༡ ལ་བསྙེན་རྫོགས་སྡོམ་པ་སྩལ་ཡོད་པ་དང་། ཉིན་གཉིས་པ་ནས་བཟུང་ཉིན་རེར་དགེ་འདུན་པ་གྲངས་ ༩༠ ལ་སྡོམ་པ་བསྩལ་རྒྱུ་ཡིན་འདུག
བསྙེན་རྫོགས་ཀྱི་སྡོམ་པའི་སྐོརསྐུ་བཅར་དགེ་བཤེས་ལྷ་རམས་པ་ཡང་སྟེང་རིན་པོ་ཆེར་བཅར་འདྲི་ཞུས་པར་ཁོང་གིས་གསུང་དོན། བསྙེན་རྫོགས་ཀྱི་སྡོམ་པ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གལ་ཆེན་པོ་ཞིག་ཏུ་རྩིས་ཀྱི་ཡོད་པ་དང་། ནང་པ་སྤྱི་ནས་བཤད་ན་སངས་རྒྱས་ཀྱི་བསྟན་པ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དང་། དེ་འདྲའི་རྩ་ཆེའི་བསྟན་པ་གནས་དང་མི་གནས་བསྙེན་རྫོགས་ཀྱི་སྡོམ་པ་རྒྱུན་མ་ཆད་པར་གནང་རྒྱུ་ཡོད་མིན་ལ་རག་ལུས་ཡོད་པ་དང་། བསྙེན་རྫོགས་ཀྱི་སྡོམ་པ་དེ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི། དང་པོ་དེར་སྡོམ་པ་དེ་ནི་རབ་བྱུང་སྡོམ་པའི་ནང་ནས་ཚད་མཐོ་ཤོས་དེ་ཆགས་ཡོད། སྡོམ་པ་དེ་ཞུས་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་དེ་ཡོངས་སུ་རྫོགས་པ་རེད་ཅེས་ཞུས་ཀྱི་ཡོད་པ་དང་། གཉིས་ནས་སངས་རྒྱས་ཀྱི་བསྟན་པ་དེ་འགྲོ་བའི་བདེ་སྐྱིད་ཀྱི་རྩ་བ་ཡིན་ཞེས་ཟེར་གྱི་ཡོད་པ་བཞིན། བསྟན་པ་གནས་དང་མི་གནས་དེ་བསྙེན་རྫོགས་ཀྱི་སྡོམ་པ་ཚུལ་བཞིན་དུ་སྲུང་མཁན་གྱི་འདུལ་བ་འཛིན་པ་དགེ་སློང་གནས་དང་མི་གནས་ལ་རག་ལུས་ཡོད་ཅེས་གསུངས། །