ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དང་བསྟུན། ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྒྱ་གར་བྱང་ཤར་མེ་གྷ་ལ་ཡ་མངའ་སྡེའི་རྒྱལ་ས་ཤི་ལོང་དང་། པན་ཇབ་མངའ་སྡེའི་གྲོང་ཁྱེར་པ་ཐན་ཀོཊ་ནང་ཡོད་པའི་རྒྱ་གར་གྱི་སློབ་གྲྭ་ཞིག་གི་ནང་བོད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་གནང་རྒྱུ་ཡིན་འདུག
དེ་ཡང་ཤི་ལོང་ས་གནས་འགོ་འཛིན་ལས་ཁུངས་དང་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་རེ་འདུན་གནང་བ་བཞིན། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༦ ཉིན་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཤི་ལོང་ས་གནས་སུ་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་དང་བོད་ཀྱི་དུས་སྟོན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་གནང་རྒྱུ་དང་།
དེ་བཞིན་ཕྱི་ཟླ་ ༧ ཚེས་ ༨ ནས་ ༡༡ བར་རྒྱ་གར་པན་ཇབ་མངའ་སྡེའི་གྲོང་ཁྱེར་པ་ཐན་ཀོཊ་Pathankot ནང་རྟེན་གཞི་བྱས་པའི་Partap World School ཞེས་པའི་རྒྱ་གར་གྱི་སློབ་གྲྭར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་དང་། འཕགས་བོད་གཉིས་དབར་གནའ་དེང་གི་འབྲེལ་ལམ་འཕེལ་རྒྱས་འགྲོ་ཚུལ་སྐོར་འགྲེམས་སྟོན་གནང་རྒྱུ་ཡིན་འདུག
༸གོང་ས་མཆོག་གི་མཛད་རྣམ་སྐོར་གྱི་པར་རིགས་འགྲེམས་སྟོན་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཆུང་དུས་སྐབས་དང་བོད་དོན་ཆེད་མཛད་འཕྲིན་བསྐྱངས་པ། སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་དང་། རྒྱལ་སྤྱིའི་དབུ་ཁྲིད་རྣམས་དང་མཇལ་འཕྲད་མཛད་པ། མགོན་པོ་གང་ཉིད་མཆོག་ལ་རྒྱལ་སྤྱིའི་སྟེང་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུས་པ་ཁག དེ་བཞིན་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཁག་བཅས་བོད་ཡིག་དང་། ཧིན་དི། ཨིན་ཡིག་བཅས་སྐད་ཡིག་གསུམ་ནང་འགྲེལ་བཤད་ཡོད་པའི་སྐུ་པར་ཁག་ ༣༨ ཙམ་ཡོད་པ་དང་། དེ་བཞིན་འཕགས་བོད་གཉིས་དབར་གནའ་དེང་གི་འབྲེལ་ལམ་འཕེལ་རྒྱས་འགྲོ་ཚུལ་སྐོར་གྱི་འགྲེམས་སྟོན་ནང་འཕགས་བོད་གཉིས་དབར་ལོ་ངོ་སྟོང་ཕྲག་རིང་ནས་ཆོས་དང་རིག་གཞུང་། ཆབ་སྲིད་ཀྱི་འབྲེལ་ལམ་སྐོར་ཡིག་ཐོག་འགྲེལ་བཤད་ཡོདཔའི་པར་རིགས་འགྲེམས་སྟོན་གནང་རྒྱུ་ཡིན་འདུག་པ་བཅས།།