ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡༢།༣༠ ཐོག་རྡ་ས་མེག་གྷན་དུ་ཡོད་པའི་ཡོངས་གླིང་སློབ་གྲྭར་འཕྲོད་བསྟེན་ལས་ཁུངས་དང་། རྡ་ས་ས་གནས་འགོ་འཛིན་ལས་ཁུངས། ཀུན་ཕན་ཐེབས་རྩ་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་འོག་རྒྱལ་སྤྱིའི་མྱོས་རྫས་ངན་གོམས་ཉིན་མོ་སྲུང་བརྩིའི་གསོལ་སྟོན་ཞིག་གོ་སྒྲིག་གནང་འདུག ལས་རིམ་དེའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག བོད་མི་མང་སྤྱི་འཐུས་ཁག་གཅིག་སོགས་ཕེབས་འདུག ཁོང་རྣམ་པས་མྱོས་རྫས་ངན་གོམས་ཅན་དང་། ངན་གོམས་ལས་གྲོལ་བའི་བོད་རིགས་གཞོན་སྐྱེས་དང་མཉམ་དུ་ཞལ་ལག་བཞེས་ཡོད་པ་དང་། གཞོན་སྐྱེས་དེ་དག་གིས་སོ་སོའི་མཉམ་མྱོང་བརྗེ་རེས་གནང་འདུག ལས་རིམ་དེའི་དམིགས་ཡུལ་གཙོ་བོ་ནི། གཞོན་སྐྱེས་དེ་དག་ལ་སྤྱི་ཚོགས་ནས་ཟུར་འབུད་དང་དབྱེ་འབྱེད་སོགས་ཀྱི་ཚོར་བ་མེད་པ་བཟོ་རྒྱུའི་ཆེད་དམིགས་པ་ཞིག་ཡིན་འདུག
གཞན་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་མནར་གཅོད་དང་མྱོས་རྫས་ངན་གོམས་ཚན་པས་གོ་སྒྲིག་འོག་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བོད་ཀྱི་གཏམ་བརྗོད་ཚོགས་པས་གཏམ་བརྗོད་༼ཁྲག་གིས་བྲིས་པའི་ལོ་རྒྱུས།༽ཞེས་པ་མི་མང་རྣམས་ལ་རིན་མེད་ཐོག་གཟིགས་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་འཕར་ཚེ་དབང་དངོས་གྲུབ་ལགས་དང་། རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས། འབྲེལ་ཡོད་ལས་བྱེད། བོད་མི་ཆབ་སྲིད་བཙོན་ཟུར་ཁག་གཅིག མི་མང་བཅས་ཚང་འཛོམས་ཀྱིས་ཐོག་མར་བསོད་ནམས་སྒྲོལ་མ་ལགས་ཀྱིས་མནར་གཅོད་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་རྒྱུ་མཚན་དང་གཏམ་བརྗོད་སྐོར་ངོ་སྤྲོད་ཞུ་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དྲུང་འཕར་ཚེ་དབང་དངོས་གྲུབ་ལགས་ཀྱིས་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་༼ཁྲག་གིས་བྲིས་པའི་ལོ་རྒྱུས།༽ཞེས་པའི་གཏམ་བརྗོད་གཟིགས་འབུལ་ཞུས།
ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་འཛམ་གླིང་ས་ཕྱོགས་གང་སར་མནར་གཅོད་ཕོག་མཁན་ཚོར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང་། མནར་གཅོད་འགོག་ཐབས་ཀྱི་ལས་གཞི་སྤེལ་རྒྱུའི་ཉིན་མོ་སྲུང་བརྩི་ཞུ་གི་ཡོད། དེ་བཞིན་ཉིན་མོ་དེར་རྒྱལ་སྤྱིའི་མྱོས་རྫས་ངན་གོམས་འགོག་ཐབས་ཀྱི་ཉིན་མོ་ཡང་སྲུང་བརྩི་ཞུ་གི་ཡོད་པ་བཅས།།