༢༠༡༦ ཟླ་ ༦ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཨིན་ཌི་ཡ་ན་མངའ་སྡེའི་རྒྱལ་ས་ཨིན་ཌི་ཡ་ན་པོ་ལི་སིར་ Indianapolis ཤེས་ཡོན་ལམ་ལུགས་ནང་རིས་མེད་ཀྱི་བཟང་སྤྱོད། ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་སུ་དབུ་བཞུགས་མཛད་པ་སྦྲགས། མང་ཚོགས་ལ་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་༸གོང་ས་མཆོག་དབུ་བཞུགས་ཐོག་ Emory-Tibet Partnership ཞེས་པའི་ཚོགས་པས་མཁས་དབང་ཁག་གཅིག་ཆེད་དུ་གདན་ཞུས་ཀྱིས་ཤེས་ཡོན་ལམ་ལུགས་ནང་རིས་མེད་ཀྱི་བཟང་སྤྱོད Secular Ethics in Education ཅེས་པའི་བརྗོད་གཞིའི་ཐོག་རགས་ཟིན་གཏན་འབེབས་གནང་བའི་གནད་དོན་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་།
ཕྱེད་ཡོལ་༸གོང་ས་མཆོག་གིས་བྱམས་བརྩེ་ནི་འཛམ་གླིང་ཞི་བདེའི་གཞི་རྟེན་ལྟ་བུ་ཡིན་Compassion as a pillar of World Peace ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ ༦༥༠༠ ཙམ་ལ་བཀའ་སློབ་སྩལ་ཡོད། དེ་ཡང་ཐོག་མར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་སུ་སན་བྷུ་རུཀ་ Susan Brooks ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས་གྲུབ་བསྟུན་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
བརྩེ་བའི་སྤུན་ཟླ་ཕོ་མོ་རྣམ་པ། ངོས་རང་དེ་རིང་འདིར་ཡོང་སྟེ་ཁྱེད་རང་ཚོ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་རང་དེ་རིང་ཆོས་ལུགས་འདྲ་མིན་གྱི་མང་ཚོགས་འདུ་འཛོམས་ཆེན་པོ་འདིའི་ཐོག་གཏམ་བཤད་བྱེད་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་སྤོབས་བྱུང་། འདས་པའི་ལོ་ངོ་ ༥༧ ལྷག་རིང་ནས་ངོས་རང་རྒྱ་གར་ནང་གནས་སྡོད་བྱེད་བཞིན་ཡོད། དེར་བརྟེན་རྒྱ་གར་ནི་ངོས་ཀྱི་ཁྱིམ་གཉིས་པ་དེ་ཆགས་ཡོད། རྒྱ་གར་ནང་ཕ་མེས་ནས་ཡོད་པའི་ཆོས་ལུགས་གྲངས་ཅན་པ་དང་། གཅེར་བུ་བ། སངས་རྒྱས་པའི་ཆོས་དང་། དེ་བཞིན་ཕྱི་ནས་དར་བའི་ཆོས་ལུགས་དཔེར་ན། ཛོ་ར་ཛོ་དིན་དང་ཡེ་ཤུ། ཁ་ཆེ་ལ་སོགས་ཆོས་ལུགས་དེ་དག་གིས་ཆོས་ལུགས་ཕན་ཚུན་འཆམ་མཐུན་ངང་འཚོ་ཐུབ་རྒྱུ་ཡོད་པ་འཛམ་གླིང་ལ་མིག་དཔེ་སྟོན་མཁན་ཞིག་ཆགས་ཡོད། ཆོས་ལུགས་གཙོ་ཆེ་ཚང་མས་བྱམས་པ་དང་། བརྩེ་བ། བཟོད་སྲན། ཆོག་ཤེས་སོགས་ཉམས་ལེན་བྱེད་དགོས་པའི་བཟང་པོའི་བསླབ་བྱ་སྤེལ་བཞིན་ཡོད། རང་ཁྲིམས་སྲུང་རྒྱུ་ནི་བསླབ་བྱ་དེའི་ཆ་ཤས་གཞན་ཞིག་ཆགས་ཡོད། ཆོས་ལུགས་ཕན་ཚུན་དབར་ལྟ་གྲུབ་ཐོག་ཁྱད་པར་ཡོད་ཀྱང་། བྱམས་བརྩེ་ཉམས་ལེན་གོང་སྤེལ་གཏོང་རྒྱུའི་དམིགས་ཡུལ་གཅིག་མཚུངས་ཆགས་ཡོད།
དེང་གི་དུས་ཚོད་འདིར་ང་ཚོ་ཚང་མས་ཁྱིམ་ཚང་གཅིག་གི་མིང་སྲིང་ཡིན་པའི་འདུ་ཤེས་འཛིན་རྒྱུ་གལ་ཆེན་པོ་ཆགས་ཡོད། གང་ལ་ཞེ་ན། ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་མཚུངས་ཆགས་ཡོད། གལ་ཏེ་ང་ཚོས་འགྲོ་བ་མིའི་རིགས་གཅིག་འགྱུར་ཡིན་བསམ་པའི་ཐོག་དོ་སྣང་ཤུགས་ཆེ་ཙམ་སྤྲད་ན། ང་ཚོས་ཕན་ཚུན་གཅིག་གིས་གཅིག་གསོད་རེ་དང་། དབུལ་ཕྱུག་གི་བར་ཁྱད། ཁ་མདོག་དང་རིགས་རུས། གོ་གནས་སོགས་ཀྱི་ཐོག་ནས་དབྱེ་འབྱེད་བྱེད་རྒྱུའི་གཞི་རྩ་ཡོང་མི་སྲིད་པ་ཞིག་རེད། མི་རེ་ཟུང་གིས་ཆོས་ལུགས་ཁ་ལ་འཁྱེར་ནས་ཕན་ཚུན་གསོད་རེ་བྱེད་བཞིན་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཆོས་ཁས་ལེན་མིན་མི་སྒེར་་སོ་སོར་རགས་ལུས་ཡོད། འོན་ཀྱང་ཆོས་ཁས་ལེན་པའི་རྗེས་ལྷག་བསམ་རྣམ་དག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེར་བརྟེན་ངོས་ཀྱིས་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པ་དང་ནང་པའི་འཇིགས་སྐུལ་དྲག་སྤྱོད་པ་ཞེས་ཐ་སྙད་བེད་སྤྱོད་བྱེད་རྒྱུ་དེ་འགྲིག་གི་མི་འདུག་བསམ་བཞིན་ཡོད། མི་སུ་ཞིག་གིས་དྲག་སྤྱོད་ཀྱི་ལས་སྤེལ་ཚེ་མི་དེ་ཁ་ཆེ་དང་ནང་པ་ཡང་དག་པ་ཞིག་ཆགས་ཀྱི་མེད། ངོས་ཀྱིས་འབར་མའི་ནང་པ་ཚོར་ཁོང་ཚོས་ཁ་ཆེའི་ཆོས་པར་སྡང་ཟུག་བྱེད་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་རས་སྒོམས་རོགས། གལ་ཏེ་བཅོམ་ལྡན་འདས་ཞལ་བཞུགས་ཡོད་ན། རྡུང་རྡེག་མྱོང་མཁན་གྱི་ཉམ་ཐག་པ་ཚོར་རྒྱབ་སྐྱོར་གནང་གི་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད་འདུག
ཕྱོགས་མཚུངས་གོང་ཚེས་ཉིན་གྱི་སྔ་དྲོའི་ལྷན་ཚོགས་སྐབས་༸གོང་ས་མཆོག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་གོ་ལའི་དཔལ་འབྱོར་གྱི་དཀའ་ངལ་དེ་དག་སེལ་བར་རྒྱལ་མཚམས་བཅད་ནས་ཁེར་སྡོད་བྱ་ཐབས་བྲལ་བ་ཡིན། དེར་བརྟེན་ང་ཚོ་ཚང་མ་ཕན་ཚུན་ལྟོས་གྲུབ་ཐོག་གནས་ཡོད་པ་གསལ་པོ་ཆགས་ཡོད། དེ་བཞིན་ང་ཚོས་དེང་དུས་ཤེས་ཡོན་གྱི་ལམ་ལུགས་ནང་བཟང་སྤྱོད་ཀྱི་སློབ་གསོ་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ལྷག་པར་བཟང་སྤྱོད་གོང་སྤེལ་གཏོང་རྒྱུའི་ཐབས་ལམ་དེ་ཡང་ཆོས་ལུགས་བྱེ་བྲག་པ་ཞིག་ལ་གཞི་མ་བཅོལ་བར་རིས་མེད་ཀྱི་ངོ་བོའི་ཐོག་ནས་བཟང་སྤྱོད་སྤེལ་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་ཡོད། །