༢༠༡༠ ཕྱི་ཟླ་ ༦ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༨ རེས་གཟའ་པ་སངས་ཉིན་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་བྷིར་གཞིས་ཆགས་ནང་རྟེན་གཞི་བྱས་པའི་སུ་ཇ་བོད་ཁྱིམ་སློབ་གྲྭའི་ནང་སྨན་ཁང་གསར་པ་ཞིག་དབུ་འབྱེད་གནང་ཡོད། སྨན་ཁང་གི་སྦྱིན་བདག་ནི་སྙན་གྲགས་ཅན་གྱི་ཇར་མན་གློག་བརྙན་འཕྲབ་སྟོན་པ་སྐུ་ཞབས་ (Hannes Jaenicke) ལགས་དང་། ཇར་མན་གྱི་ཨར་ཊི་ཨེལ་ (RTL Group Germany) དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཡིན་འདུག
དེ་ཡང་ལུག་སམ་བྷག་ (Luxembourg) ནང་རྟེན་གཞི་བྱས་པའི་ (RTL Group, Germany) ཞེས་པའི་ཚོགས་པ་དེས་ཇར་མན། ཕ་རན་སི། བྷེལ་ཇམ། ཧོ་ལེན་ཌི། དབྱིན་ཡུལ། ཨོ་སི་ཊོ་ལི་ཡ། ལུག་སམ་བྷག སེ་པེན། གྷི་རི་སི། ཧང་གྷེ་རི། ཁོ་རོའི་ཤི་ཡ། བཅས་རྒྱལ་ཁབ་ ༡༡ ཙམ་གྱི་ནང་བརྙན་འཕྲིན་གྱི་ལས་རིམ་རྒྱང་སྲིང་ཁག་མི་འདྲ་བ་ ༤༥ ཙམ་ཞུ་བཞིན་པ་མ་ཟད། རྒྱལ་ཁབ་དེ་དག་ནང་རླུང་འཕྲིན་ལས་ཁུངས་ ༣༢ ཙམ་ཡོད། སྨན་ཁང་དབུ་འབྱེད་ཀྱི་མཛད་སྒོའི་སྐབས་སློབ་གྲྭས་ཆེད་དུ་གདན་ཞུས་ཀྱི་སྐུ་མགྲོན་རྣམས་ནི་སྐུ་ཞབས་ཧན་ནེ་སི་ལགས་དང་ཨར་ཊི་ཨེལ་ཚོགས་པའི་སྐུ་ཚབ་འཐུས་མི་ལྕམ་ཨན་ན་ཌེག་ཀན་ལགས།དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་ཇར་མན་སྐུ་ཚབ་སྐུ་ཞབས་ཀའི་མཡ་ལར་ལགས་བཅས་ཕེབས་ཡོད་པ་མ་ཟད། བྷིར་ས་གནས་འགོ་འཛིན་དང་ཉེ་ཁོར་དགོན་སྡེ་ཁག་གི་དབུ་འཛིན། རྡ་ས་བོད་ཁྱིམ་སློབ་གྲྭའི་འཛིན་སྐྱོང་འགན་འཛིན་དང་སློབ་ཕྲུག ལས་བྱེད་བཅས་ཀྱང་ཕེབས་ཡོད། ད་ལྟའི་ཆར་སུ་ཇ་སློབ་གྲྭའི་ནང་སློབ་མ་གྲངས་ ༡༤༧༤ ཙམ་ཡོད་འདུག་པ་བཅས།།