ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡུ་ཊ་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཡུ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་པའི་ནང་བཀའ་སློབ་སྩལ་དོན། དེ་རིང་ས་གནས་འདིར་བོད་པ་མི་ཉུང་བ་ཞིག་འཛོམས་འདུག སྤྱིར་ངོས་ཀྱིས་བསམ་ཚུལ་རོབ་ཙམ་ཁ་སང་བོད་པ་ཚོར་ཞུས་ཟིན་པ་རེད། ངོས་ཀྱི་བསམ་བློའི་ནང་བོད་པའི་ཆོས་དང་རིག་གཞུང་ཟེར་དུས་ང་ཚོའི་བླ་སྲོག་ལྟ་བུ་ཆགས་ཀྱི་ཡོད། གང་ལྟར་ཆབ་སྲིད་ཀྱི་འཕོ་འགྱུར་འདྲ་མིན་གང་བྱུང་ཡོད་ནའང་། བོད་མི་རིགས་ཀྱི་སོ་སོའི་རིག་གཞུང་དང་། ཡི་གེ་དེ་ལོ་སྟོང་ཕྲག་ལྷག་ནས་འཚོ་བཞིན་པར་བརྟེན། བོད་ཀྱི་རིག་གཞུང་ཟེར་དུས་ང་ཚོ་མང་པོ་ཞིག་གིས་གཞས་གཏང་རྒྱུ་དང་། འཆམ་བརྒྱག་རྒྱུ་བཟོ་འདྲ་བོ་དེ་ཚོ་གྲས་རིག་གཞུང་གི་ཆ་ཤས་རེད། འདིས་ང་ཚོ་བོད་པ་ནང་ཁུལ་ལ་འཁྲབ་པ་ཙམ་མ་གཏོགས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་རྒྱུ་གང་ཡང་མི་འདུག ངོས་ཀྱིས་བོད་པ་ཚོར་འདི་ལྟར་བཤད་ཀྱི་ཡོད། བཀྲ་ཤིས་ཞོལ་པ་འཁྲབ་རྒྱུ་འདི་བོད་ནང་རྟ་བཞོན་པའི་སྐབས་སུ་རྟ་སྒྲོག་མཁན་བཟོ་འདྲ་བོ་ཞིག་ཡོད། འདི་གར་མོ་ཊའི་ནང་འགྲོ་གི་ཡོད་སྟབས་ཁྱད་པར་གང་ཡང་མི་འདུག ད་གིན་ངོས་ཀྱིས་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་སྐུ་ཐང་ཞིག་སྤྲད་པ་ཡིན། ནམ་རྒྱུན་ངོས་ནས་ཆོས་ཆོགས་སོགས་གལ་ཆེ་ཁག་ལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་སྐུ་ཐང་སྤྲོད་ཀྱི་ཡོད། དེ་གང་ཡིན་ཞེ་ན། ང་རང་ཚོ་བོད་པའི་རིག་གཞུང་དང་། སངས་རྒྱས་ཀྱི་ལྟ་གྲུབ། སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་། སངས་རྒྱས་ཀྱི་ཆོས་ཞེས་བརྗོད་དུས་ཤུགས་ཆེ་བ་དེ་ལྟ་གྲུབ་རེད་འདུག དེར་བརྟེན་དེ་རིང་འདིར་ཁྱེད་རང་ཚོ་ཐུག་སྟབས། ཆོས་འབྲེལ་བྱས་ན་དྲན་བྱུང་། མཁྱེན་སོང་ངམ། ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་ཟེར་དུས་གོང་དུ་ངོས་ཀྱིས་བརྗོད་པ་དེ་རེད། གཙོ་བོ་ལྟ་གྲུབ་དང་འབྲེལ་བ་ཞིག་རེད་འདུག གང་ཡིན་ཞེ་ན། རྩ་བའི་འཛམ་གླིང་འདིའི་སྟེང་ཡོད་པའི་ཆོས་བརྒྱུད་ཚང་མས་དངོས་འབྲེལ་བྱམས་པ་དང་སྙིང་རྗེ་ཉམས་ལེན་གྱི་མཐིལ་ལ་བཟུང་ནས་མི་ལ་བསླབ་བྱ་རྒྱག་མཁན་ཞིག་རེད། ཧ་ཅང་ཕན་ཐོགས་ཡོད། སྔར་ཡིན་ནའང་ལོ་སྟོང་ཕྲག་ཁ་ཤས་རིང་ཆོས་བརྒྱུད་དེ་དག་གིས་མི་ལ་ཕན་ཐོགས་བྱས་ཡོད། ད་ལྟ་ཡིན་ནའང་ཕན་ཐོགས་ཡོང་དང་ཡོང་བཞིན་པ་རེད། མ་འོངས་པར་ཡིན་ནའང་ཕན་ཐོགས་པར་འགྱུར་པར་ཧ་ཅང་གསལ་པོ་རེད། ཕལ་ཆེར་ཁ་ཆེའི་ཆོས་ལུགས་བྱེད་མཁན་དུང་ཕྱུར་བཅུ་གྲངས་དང་། ཡི་ཤུའི་ཆོས་ལུགས་བྱེད་མཁན་དུང་ཕྱུར་བཅུ་གྲངས་ཙམ། ཧིན་དུ་ཕལ་ཆེར་ས་ཡ་དྲུག་བརྒྱ་ཙམ། དེང་སྐབས་རྒྱ་ནག་ནང་ནང་པ་ཧ་ཅང་ཕོན་ཆེན་པོ་འཕར་ཡོང་གི་ཡོད། འཛམ་གླིང་འདིའི་སྟེང་ནང་པ་ཕལ་ཆེར་དུང་ཕྱུར་བདུན་བརྒྱད་ཙམ་ཡོད། དེར་བརྟེན་ཆོས་བརྒྱུད་དེ་དག་གིས་དེ་སྔ་ཡིན་ནའང་མི་ས་ཡ་བྱེ་བ་མང་པོར་ཕན་ཐོགས་བྱུང་ཡོད་ལ་མ་འོངས་པར་ཡིན་ནའང་ཕན་ཐོགས་འགྱུར་བ་རེད། ལྷག་པར་དེང་སྐབས་ཆོས་སྡེ་མི་འདྲ་བའི་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་བརྒྱགས་པ་དང་། མཐའ་ན་སྡུག་ས་ནས་གསོད་རེ་ཡོང་བཞིན་འདུག དེ་འདྲའི་དུས་ཚོད་འདིར་ཆོས་ལུགས་ཚང་མས་གཅིག་གིས་གཅིག་ལ་གུས་བརྩི་དང་། བཀའ་དྲིན་རྗེས་དྲན་གྱི་ཐོག་ནས་མཐུན་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག འཛམ་གླིང་ཆོས་ལུགས་དེ་དག་གིས་བྱམས་པ་དང་། སྙིང་རྗེ། བཟོད་པ། ཆོག་ཤེས་ཉམས་ལེན་བྱེད་རྒྱུ་ཆོས་བརྒྱུད་གཙོ་ཆེ་བ་དེ་དག་ཚང་མ་གཅིག་གྱུར་རེད། ལྟ་གྲུབ་ཐོག་ནས་མི་འདྲ་བ་ཡོད། ལྟ་གྲུབ་ཐོག་ནས་མི་འདྲ་བའི་གཞི་རྩ་ནི་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་བཅས་ཡོད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་ནང་ཕུང་པོ་ལས་དོན་གཞན་པའི་བདག་འདོད་མཁན་དང་། མི་འདོད་མཁན་བཅས་ཡོད། སངས་རྒྱས་པའི་ཆོས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཐོག་ལ་ཕུང་པོ་གཞན་པའི་བདག་མེད་ཅེས་གསུངས་མཁན་གྱི་ཆོས་བརྒྱུད་ཅིག་ཆགས་ཡོད། སངས་རྒྱས་པའི་ཆོས་བརྒྱུད་ནང་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུ་ཡོངས་གྲགས་བེད་སྤྱོད་བྱེད་རྒྱུའི་ཕལ་སྐད་དང་ཡུལ་སྐད་བཟོ་འདྲ་བོའི་ཐོག་ནས་གསུངས་པ་དེ་དག་ཕྱིས་སུ་རིམ་བཞིན་གླེགས་བམ་དུ་བཀོད་སྟབས་པཱ་ལི་ཆོས་བརྒྱུད་ཆགས་པ་རེད། ངོས་རང་བཙན་བྱོལ་བ་ཆགས་ནས་འདས་པའི་ལོ་དེ་དག་གི་རིང་ནང་པའི་ཡུལ་གྲུ་ཁག་གི་མི་མང་པོ་དང་ཐུག་ཡོད་པར་བརྟེན། ཕྱོགས་སྡོམ་རྒྱག་ཡོང་དུས་ང་ཚོ་བོད་པས་དཀའ་ལས་བརྒྱབ་ནས་སློབ་སྦྱོང་བྱེད་སྟངས། སློབ་སྦྱོང་བྱེད་པའི་སྐབས་སུ་རིགས་ལམ་དང་ཚད་མའི་གཞུང་ལ་རྟེན་ནས་སློབ་སྦྱོང་བྱེད་སྟངས་དེ་ཕལ་ཆེར་བོད་པར་མ་གཏོགས་གཞན་མེད་པའི་བཟོ་འདྲ་བོ་ཞིག་རེད་འདུག གཉིས་ནས་ང་ཚོ་བོད་པའི་སྐད་ཡིག་ནང་སྔོན་གྱི་མཁས་དབང་ཚོས་མཛད་པའི་གཞུང་དེ་དག་ཧ་ལམ་ཆ་ཚང་བ་ཞིག་བོད་སྐད་ནང་བསྒྱུར་ཡོད། ང་ཚོར་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཙམ་ཡོད་པའི་ནང་མཁས་པའི་དབང་པོ་མང་པོ་ཞིག་གིས་མཛད་པའི་གཞུང་ཡོད། དེ་དག་ཚང་མ་བོད་ཡིག་ཐོག་ཡོད་པ་རེད་མ་གཏོགས་ལེགས་སྦྱར་དང་པཱ་ལི་སྐད་བསླབ་དགོས་པ་ཅི་ཡང་མེད། དེ་ཚོར་བསམ་བློ་གཏོང་དུས་ང་ཚོའི་མེས་པོ་ཚོ་ཧ་ལས་པ་རེད་འདུག མི་རབས་གཅིག་གི་ཐོག་བསྒྱུར་བ་དེ་འདྲ་མིན། མི་རབས་ནས་མི་རབས་དཀའ་ལས་བརྒྱབ་ནས་འདི་ལྟ་བུ་ཞིག་བཟོས་པ་རེད། དེར་བརྟེན་ང་ཚོ་བོད་ལ་ཡོད་པ་དེ་ཕལ་ཆེར་སྤུས་དག་ཤོས་རེད་འདུག ང་ཚོའི་སྐད་ཡིག་དེ་ཡང་ཧ་ཅང་ངོ་མཚར་སྐྱེས་འོས་པ་ཞིག་ཡོད། སྔོན་གྱི་ལོ་ཙཱ་བ་བཀའ་དྲིན་ཅན་དེ་དག་གིས་དཀའ་ལས་བརྒྱབ་པ་དེར་མོས་པ་དང་དད་པ་སྐྱེས་དགོས་པ་ཞིག་འདུག སྔོན་གྱི་ལོ་ཙཱ་བ་དེ་དག་ཀྱང་བོད་པ་རྩམ་པ་ཟ་མཁན་གཅིག་པ་རེད། པག་དང་ཉམས་མཐུན་རྐྱེན་འཛོམས་པོ་བྱུང་ན་ཐུད་བཅས་པག་དང་ཐུད་གཉིས་ཀྱིས་མི་ཚེ་སྐྱེལ་ཏེ་ཀླད་པ་ཧ་ལས་པ་ཞིག་ཡོད། ཁོང་རྣམ་པའི་བསྒྱུར་ནས་ཀྱང་འཆད་ཉན་སྒོམ་སྒྲུབ་སོགས་མི་རབས་ནས་མི་རབས་བྱས་ཏེ་དུས་ད་ལྟ་བར་ལུང་གི་བསྟན་པ་འཆད་ཉན་གྱི་ཐོག་ནས་འཛམ་གླིང་འདིའི་སྟེང་སུ་ཞིག་ལ་མེད་པ་ང་ཚོས་མུ་མཐུད་སློབ་སྦྱོང་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་རྟོགས་པའི་བསྟན་པ་བསླབ་པ་གསུམ་གྱི་ཉམས་ལེན་བྱས་ནས། བསླབ་པ་གསུམ་གྱི་ཚུལ་ཁྲིམས་ཀྱི་བསླབ་པའི་ནང་སོ་ཐར་གྱི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་པའི་ཚུལ་ཁྲིམས། གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ཁྲིམས་ཡོད། གང་ལྟར་ང་ཚོས་བསྟན་པ་ཡོངས་རྫོགས་ཐོས་བསམ་སྒོམ་གསུམ་བྱས་ནས་རྒྱལ་བའི་ལུང་རྟོགས་གི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད། འདི་ང་ཚོའི་སངས་རྒྱས་ཀྱི་བསྟན་པ་གང་འདྲ་ཡོད་མེད་ཀྱི་ངོ་སྤྲོད་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།།