ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༠ ནས་ ༢༥ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཇ་ལན་དྷར་དུ་རྟེན་གཞི་བྱས་པའི་ལབ་ལི་གཙུག་ལག་སློབ་གཉེར་ཁང་ Lovely Profession University དུ་གཞི་རིམ་བར་མའི་ཨིན་དགེ་ཁག་གཅིག་ལ་སློབ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་གནང་བཞིན་འདུག
ཐེངས་འདིའི་ཟབ་སྦྱོང་ནང་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་དང་། བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག བོད་ཁྱིམ་སློབ་གྲྭ མ་སུ་རི་བོད་ཁྱིམ། བལ་ཡུལ་ནང་ཡོད་པའི་གངས་ཅན་བདེ་རྩའི་སློབ་གྲྭ དེ་བཞིན་སྒེར་གྱི་བོད་པའི་སློབ་གྲྭ་བཅས་ནས་ཨིན་དགེ་ཁྱོན་གྲངས་ ༢༦ མཉམ་ཞུགས་གནང་ཡོད།
ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་ལབ་ལི་གཙུག་ལག་སློབ་ཁང་གི་འཛིན་སྐྱོང་གཙོ་འཛིན་སྐུ་ཞབས་སན་ཇེ་མོ་དི་ Dr. Sanjay Modi ལགས་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུང་ས་ཀྱི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཤེས་ཡོན་འགན་འཛིན་བསྟན་འཛིན་དབྱངས་ཅན་ལགས། ཟབ་སྦྱོང་དུ་ཕེབས་པའི་དགེ་རྒན་རྣམ་པ་བཅས་ཚང་འཛོམས་ཐོག སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གཙུག་ལག་སློབ་ཁང་དེའི་ངོས་ནས་ཟབ་སྦྱོང་སྐབས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཟབ་སྦྱོང་བ་རྣམས་ལ་ཟབ་སྦྱོང་འདིའི་གལ་གནད་དང་སྒེར་སོ་སོའི་ཆེད་ལས་གོང་འཕེལ་ཡོང་རྒྱུར་ཕན་ཐོགས་ཡོད་སྐོར་སོགས་གསུངས་འདུག
དེ་རྗེས་གཙུག་ལག་སློབ་ཁང་དེའི་གཙོ་འཛིན་གྱིས་བདུན་ཕྲག་གཅིག་རིང་གི་ཟབ་སྦྱོང་སྐབས་ཟབ་ཁྲིད་གནང་རྒྱུའི་བརྗོད་གཞི་ཁག་ངོ་སྤྲོད་སྙིང་བསྡུས་གནང་ཡོད།
སྤྱིར་སྔ་ལོ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ལབ་ལི་གཙུག་ལག་སློབ་ཁང་གཉིས་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༡ ནས་ ༡༣ བར་གཏན་ཉིན་སློབ་གྲྭ་ཁག་སློབ་གྲྭ་ཁག་ ༣༤ ནས་འགན་འཛིན་དང་དགེ་རྒན་བགྲེས་པ་ཁག་གཅིག་ལ་ཟབ་སྦྱོང་དང་ཚོགས་འདུ་གོ་སྒྲིགགནང་ཡོད་པ་དང་། སྐབས་དེར་གཏན་ཉིན་སློབ་ཁག་གི་འགན་འཛིན་རྣམ་པས་ཤེས་ཡོན་སྲིད་བྱུས་སྐོར་དང་ཤེས་ཡོན་སྤུས་ཚད་གོང་མཐོར་གཏོང་ཕྱོགས་ཀྱི་གལ་གནད། འགན་འཛིན་གྱི་ལས་དོན་ཚགས་ཚུད་ཡོང་ཐབས་སོགས་ཀྱི་སྐོར་ནང་ཁུལ་ཚོགས་འདུ་ཚོགས་ཡོད། སྐབས་དེར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་བོད་ཕྲུག་ཚོ་བཟང་སྤྱོད་ལྡན་པའི་ཤེས་ཡོན་ཅན་ཞིག་བཟོ་ཐབས་བྱེད་རྒྱུའི་གལ་གནད་སྐོར་གསུང་བཤད་གནང་ཡོད།
ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལབ་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་ལྔ་པའི་སྐུ་མགྲོན་གཙོ་བོར་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།