༢༠༡༦ ཟླ་ ༦ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༦ ཉིན་ཧི་མཱ་ལ་ཡ་ཁྱིམ་ཚང་། Himalaya Pariwar ཞེས་པས་གོ་སྒྲིག་འོག་ཧི་མཱ་ཅལ་མངའ་སྡེའི་ཀངྒ་ར་རྫོང་དུ་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་དང་ཞབས་ཚོགས་པ་ཨར་ཨེ་སི་ཨེ་སིའི་ (RSS) ཡན་ལག་ལས་ཁུངས་ཀྱི་མདུན་ཐང་དུ་བོད་དོན་དང་འཛམ་གླིང་ཞི་བདེའི་ཆེད་སྦྱིན་སྲེག་ཆོ་གའི་མཛད་སྒོར་སྐུ་མགྲོན་གཙོ་བོ་རྒྱ་གར་རྒྱལ་ཡོངས་དྭང་ཞབས་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ཨིནྡྲེ་ཤི་ཀུ་མཱར་ Indresh ལགས་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས། དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ། ས་གནས་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ། དགུ་བཅུ་གསུམ་ལས་འགུལ་ཁང་གི་སྐུ་ཚབ། ཀིརྟི་དགོན་པའི་སྐུ་ཚབ། བཙུན་དགོན་དགའ་ལྡན་ཆོས་གླིང་གི་སྐུ་ཚབ། དེ་བཞིན་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར། རྡ་ས་ས་གནས་འགོ་འཛིན་དང་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱིས་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་སོགས་ལ་འཚམས་འདྲིའི་མཇལ་དར་སྒྲོན་འབུལ་རྗེས། རྡ་ས་ས་གནས་འགོ་འཛིན་དང་ཧི་མཱ་ལ་ཡ་ཁྱིམ་ཚང་ཚོགས་པའི་ཚོགས་མི་ཁག་གཅིག་གིས་གསུང་བཤད་གནང་གྲུབ་བསྟུན། དམིགས་བསལ་སྐུ་མགྲོན་མཆོག་གིས་གསུང་བཤད་གནང་དོན།
ཧི་མཱ་ཅལ་མངའ་སྡེའི་ཧི་མཱ་ལ་ཡ་ཁྱིམ་ཚང་དང་། ལྷག་པར་རྡ་ས་ཡན་ལག་ཧི་མཱ་ལ་ཡ་ཁྱིམ་ཚང་གི་འབྲེལ་ཡོད་རྣམ་པས་འདས་པའི་ལོ་མང་རིང་ནས་ཕལ་ཆེར་ལས་རིམ་འདི་འདྲ་གོ་སྒྲིག་ཞུ་བཞིན་ཡོད་འདུག དེ་རིང་གི་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་ཡོངས་ལ་ང་རང་སྒེར་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྐུ་ཞབས་ཨིནྡྲེཤི་ལགས་ནི་སྤྱི་ཚོགས་འདིའི་ཐོག་མི་ཚེ་ཧྲིལ་པོ་གླ་ཕོགས་མེད་པའི་ཐོག་ནས་ཕྱག་ལས་གནང་ཡོད། ཕྱི་ལོ་ ༡༩༩༧ ནས་ང་ཚོ་དང་མཉམ་བོད་ཀྱི་རྩ་དོན་དང་བོད་མི་རིགས། ༸རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ཐོག་གང་འདྲ་གནང་དགོས་ཀྱི་འདུག་སྙམ་པའི་དགོངས་གཞི་ཡོད་མཁན་ཞིག་རེད། ཕྱི་མི་ཞིག་གིས་ཁུར་བླངས་ནས་དེ་རིང་འདིར་སྦྱིན་སྲེག་གི་ཆོ་ག་ལག་བསྟར་གནང་བཞིན་ཡོད། དེ་ཡང་སྦྱིན་སྲེག་ཆོ་ག་འདིའི་དམིགས་ཡུལ་གཙོ་བོ་འཛམ་གླིང་ཞི་བདེ་དང་བོད་དོན་བདེན་མཐའ་གསལ་ཆེད་ཡིན།
བོད་དང་ཧི་མཱ་ལ་ཡ་ཁུལ་དུ་ནང་ཆོས་དར་སྟངས་སྐོར་དཔེ་དེབ་སྟོང་ཕྲག་མང་པོ་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་གཞུང་ལ་ཐོས་བསམ་སློབ་གཉེར་བྱ་རྒྱུ་དེ་གྲྭ་པ་དང་ཨ་ནིའི་བྱ་རྒྱུ་རེད་མདོག་མདོག་བྱས་ནས་གཡུག་མ་བཞག་པར་མང་ཚོགས་ནས་ངེས་པར་དུ་དོ་སྣང་བྱེད་དགོས་པ་དང་། བཀའ་འགྱུར་དང་བསྟན་འགྱུར་ལ་སྐྱབས་སུ་མཆི་ཞེས་མཆོད་པ་འབུལ་བ་ཙམ་གྱི་འགྲིག་གི་མེད། བཀའ་འགྱུར་བསྟན་འགྱུར་ལ་སློབ་གཉེར་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཅེས་ཡང་ཡང་བཀའ་སློབ་སྩལ་ཡོད། གལ་ཏེ་ང་ཚོས་ནང་བསྟན་སྲུང་སྐྱོབ་བྱེད་པ་ཡིན་ན། ཧི་མཱ་ལ་ཡ་གནས་ཀྱི་རེད། ཧི་མཱ་ལ་ཡ་སྲུང་སྐྱོབ་ཆེད་ཧི་མཱ་ལ་ཡའི་རིག་གཞུང་སྲུང་སྐྱོབ་བྱེད་དགོས། ཞེས་སོགས་ཀྱི་གསུང་རྗེས་སྐུ་ཞབས་ཨིནྡྲེཤི་ལགས་ཀྱིས་གསུང་བཤད་གནང་ཡོད་པ་བཅས།།