༢༠༡༦ ཟླ་ ༦ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༧ ཉིན་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ Clingendael Institute གིས་གོ་སྒྲིག་འོག་ཧོལ་ལེན་ཌིའི་གྲོང་ཁྱེར་ཧེག་ Hague ནང་རྟེན་གཞི་བྱས་པའི་ཕྱི་འབྲེལ་ལྷན་ཁང་ནང་དུ། ༸གོང་ས་མཆོག་གི་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས། རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱ་རྒྱུའི་ཁྲིམས་གསར་པ་ལག་བསྟར་བྱེད་བཞིན་པ་དེས། གྲངས་ཉུང་མི་རིགས་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་སམ། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་སྐབས་སྤེལ་བའི་བསྒྲགས་གཏམ་ནང་འཁོད་དོན།
བོད་མི་རྣམས་ལོ་རྒྱུས་ཐོག་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་ནང་ལྷུང་ཡོད། བོད་མིའི་འཐབ་རྩོད་འདི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་གི་འཐབ་རྩོད་ཁོ་ན་ཞིག་ནམ་ཡང་མིན། མི་རིགས་ཤིག་གི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ། སྤྱི་ཚོགས་ཀྱི་དཔལ་ཡོན་ཆག་དང་འཇིག་གི་གནས་སྟངས་ལ་བསླེབས་ཡོད། དེར་བརྟེན་ང་ཚོ་བོད་མི་ཚོའི་དཀའ་ངལ་གྱི་དུས་སྐབས་འདིར་ཁྱེད་རྣམ་པས་མུ་མཐུད་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ། དེ་བཞིན་འགྱུར་བ་མེད་པའི་གྲོགས་པོའི་འདུ་ཤེས་འཛིན་ནས་རྒྱབ་སྐྱོར་གནང་བར་བཀའ་དྲིན་བསམ་ཤེས་ཐོག་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
ལྷག་པར་དེ་རིང་ཀི་ལིན་གེན་ཌེལ་བསྟི་གནས་ཁང་གིས་ Clingendael Institute བགྲོ་གླེང་འདི་ལྟ་བུ་གོ་སྒྲིག་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངའི་ལྟ་སྣང་མཐོང་ཕྱོགས་དང་ཉམས་མྱོང་ལ་གཞིགས་ཚེ་དེང་སྐབས་ཡུ་རོབ་ནང་དུ་བགྲོ་གླེང་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་གནང་མཁན་ཐོབ་རྒྱུར་དཀའ་ལས་ཁག་ཏུ་འགྲོ་བཞིན་འདུག ང་ཚོ་བོད་མི་ཚོ་དང་མཚུངས་པར་ཡུ་གུར་སྤུན་ཟླ་ཕོ་མོ་རྣམས་ནས་ཀྱང་རྒྱ་ནག་གཞུང་གིས་གནོན་ཤུགས་ཡུ་རོབ་ས་ཁུལ་ལྟ་བུ་ཐག་རིང་པོར་སྙོབ་ཐུབ་བཞིན་འདུག་བསམས་པའི་ཚོར་སྣང་བྱུང་ཡོད་ཤག་རེད། དེར་བརྟེན་བགྲོ་གླེང་འདི་འདྲ་ཞིག་སྙན་གྲགས་ཆེ་བའི་བསྟི་གནས་ཁང་འདི་ལྟ་བུར་གོ་སྒྲིག་གནང་ཐུབ་པ་དེས་སེམས་ནང་སྙིང་སྟོབས་ཧ་ཅང་འཕེལ་བཞིན་འདུག མཐུན་འགྱུར་རམ་འདེགས་གནང་བར་སླར་ཡང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཐོག་མར་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ནང་གི་ཞི་རྒོལ་བྱེད་མཁན་ཚོར་ལྟ་ཚུལ་དང་རྒྱ་ནག་གི་ས་ཁུལ་གཞན་ཁག་ཏུ་བྱུང་བའི་ཞི་རྒོལ་རྔམ་སྟོན་བྱེད་པ་དེར་ལྟ་ཚུལ་དབར་མི་འདྲ་བའི་ཁྱད་པར་ཇི་ཡིན་ཤེས་དགོས། བོད་དང་ཡུ་གུར་ནང་ཞི་རྒོལ་བྱེད་མཁན་ཚོར་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་ཉེན་ཁ་ཡོད་པར་ཁག་དཀྲི་བྱེད་བཞིན་ཡོད། རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་ཉེན་ཚབས་བཟོ་རྒྱུའི་ལས་གཞི་རེད། ཅེས་མིང་འདོགས་བྱས་ཟིན་རྗེས། ཞི་རྒོལ་རིགས་སྤེལ་ན་རང་བཞིན་གྱིས་ཁྲིམས་འགལ་གྱི་ལས་ཀར་བརྩི་ནས་བོད་དང་ཡུ་གུར་ནང་དོན་དམ་གྱི་ཞི་རྒོལ་རྔམ་སྟོན་ལས་འགུལ་ཇི་འདྲ་ཞིག་སྤེལ་ཡང་ཁ་བྲལ་དང་འཇིགས་སྐུལ་གྱི་བྱ་སྤྱོད་རེད། ཟེར་ནས་ངོས་འཛིན་བྱེད་བཞིན་ཡོད།
ཞི་རྒོལ་གང་བྱས་པ་དེའི་རྒྱབ་ཏུ་མི་མང་གི་དཀའ་ངལ་ཇི་ཡིན་བརྟག་དཔྱད་བྱས་ནས་གཞུང་གིས་དཀའ་ངལ་དེ་དག་སེལ་ཐབས་བྱེད་དགོས་ཀྱང་དེའི་ཚབ་ཏུ་ཏང་སྲིད་གཞུང་དང་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་ཉེན་ཁ་བཟོ་མཁན་ཡིན་པར་ཁག་དཀྲི་བྱེད་བཞིན་ཡོད།
གནས་སྟངས་འདི་དངོས་ཡོད་ཡིན་པ་ནི་ཉེ་ལམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྙན་ཐོ་ཞིག་བཏོན་པའི་ནང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་སྲུང་སྐྱོབ་བྱེད་བཞིན་པའི་མི་མང་གིས་ཞི་བའི་ལམ་ནས་འདུ་འཛོམས་དང་ཞི་རྒོལ་རྔམ་སྟོན་བྱ་རྒྱུའི་ཐོབ་ཐང་ལའང་རྒྱ་ནག་གཞུང་གིས་བསམ་ཤེས་གང་ཡང་མ་བྱས་པར་ཐོབ་ཐང་དེ་དག་ལ་རྩིས་མེད་རྡོག་རོལ་བཏང་ནས་རྒྱ་ནག་གཞུང་གི་བཟོད་སྒོམ་དང་གུ་ཡངས་བྱ་རྒྱུ་དེ་སྔ་ལས་སྡུག་ཏུ་ཕྱིན་ཡོད་པ་ར་སྤྲོད་གནང་ཡོད། ཕྱོགས་མཚུངས་སྙན་ཐོ་དེའི་ནང་དུ་དེང་སྐབས་རྒྱ་ནག་གཞུང་གིས་བོད་རིགས་སོགས་ཀྱི་མང་ཚོགས་རྣམས་ཀྱི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བ་དེ་དག་ཀྱང་ནག་ཉེས་ཅན་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བར་ངོས་འཛིན་བྱས་ནས་བོད་ཀྱི་ས་ཁུལ་སོགས་ནང་ཚད་ལས་འགལ་བའི་དྲག་གནོན་བྱེད་བཞིན་ཡོད་པ་འཁོད།
རྒྱབ་ལྗོངས་གནས་སྟངས་འདི་གཞི་ལ་བཞག་ནས་ངས་རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུའི་ཁྲིམས་སྒྲིག་གསར་པ་ལག་བསྟར་བྱེད་བཞིན་པ་དེས་བོད་ནང་གི་ད་ཡོད་གནས་སྟངས་ཛ་དྲག་པོ་འདི་དེ་བས་ཛ་དྲག་ཏུ་དང་ཇེ་སྡུག་ཏུ་གཏོང་མི་ཡོང་ངམ་བསམ་པའི་དངངས་འཚབ་སྐྱེ་བཞིན་འདུག
དེར་བརྟེན་རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུའི་འདུན་པ་ཡོད་པའི་རྣམ་འགྱུར་འདོན་བཞིན་པ་དེར་རྒྱལ་སྤྱིའི་སྒྲིག་འཛུགས་ངོས་ནས་ཡ་ལན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་འདྲ་གནང་ཐུབ་པ་ཡིན་ན་རྒྱ་ནག་གཞུང་དང་ལྷན་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཡག་ཤོས་གང་ཡིན་གུ་ཡངས་ཐོག་ནས་གོ་བསྡུར་གནང་ཐུབ་རྒྱུ་རེད། འདས་པའི་ལོ་ངོ་བཅུ་ཕྲག་རིང་བོད་ནང་སྲིད་བྱུས་འཛིན་སྟངས་དེར་སྐབས་རེ་ཧ་ཅང་དམ་བསྒྲགས་ཆེ་བ་དང་སྐབས་རེ་ཕྲན་བུ་ལྷོད་པའི་རྣམ་པ་མི་འདྲ་བ་གཉིས་བྱུང་བ་དེས་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་ཡོན་འགོ་ཁྲིད་ནང་དུའང་མཁྲེགས་བཟུང་བྱེད་མཁན་དང་ཕྲན་བུ་གུ་ཡངས་ཀྱི་ལངས་ཕྱོགས་མི་འདྲ་བ་གཉིས་འཛིན་མཁན་ཡོད་པ་གསལ་པོར་མཚོན་ཐུབ།
དེར་བརྟེན་ནུབ་ཕྱོགས་སྲིད་གཞུང་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཁྲོད་ཕྲན་བུ་གུ་ཡངས་ཀྱི་བསམ་བློ་དང་ཆབ་སྲིད་བཅོས་སྒྱུར་ལ་འདོད་པ་བྱེད་མཁན་ཚོར་རྒྱབ་སྐྱོར་བྱས་ནས་འགོ་ཁྲིད་དེ་དག་གི་དབང་ཆ་སྲ་བརྟན་བཟོ་རྒྱུའི་སྲིད་བྱུས་ལངས་ཕྱོགས་འཛིན་རྒྱུ་གལ་ཆེ་ཡིན་པ་གསལ་པོ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཕྱི་ལོ་ ༡༩༨༠ དང་ ༡༩༩༠ ནང་ནུབ་ཕྱོགས་སྲིད་གཞུང་ཁག་གི་ཆབ་སྲིད་དབུ་ཁྲིད་དང་གྲོས་ཚོགས་འཐུས་མི་རྣམས་མཇལ་འཕྲད་སྐབས་རྒྱ་ནག་གཅིག་པུར་གྲོགས་མེད་ཁེར་རྐྱང་དུ་མ་བཞག་པར་རྒྱ་ནག་དང་འབྲེལ་བ་བྱེད་དགོས་པའི་བཀའ་སློབ་ཐེངས་མང་སྩལ་མྱོང་ཡོད་པ་མ་ཟད། སྐབས་རེ་ཁོང་གིས་རྒྱ་ནག་དང་བསྟུན་མཁས་ཆེ་དྲགས་ནས་གཅེས་ལང་དུ་གཏོང་མི་རུང་བའི་ཉེན་བརྡ་ཡང་གཏོང་གནང་མཛད་ཡོད། ཅེས་སོགས་བསྒྲགས་གཏམ་ནང་འཁོད་པ་མ་ཟད།
བསྒྲགས་གཏམ་གི་མཐའ་མཇུག་ཏུ་འཁོད་དོན། ང་རང་ལོ་ངོ་བཅུ་ཕྲག་རིང་ཡུ་རོབ་ཁུལ་དུ་གནས་སྡོད་བྱེད་མཁན་གྱི་བོད་མི་ཞིག་ཡིན་པའི་ངོས་ནས་ཡུ་རོབ་ཀྱི་ལྟ་གྲུབ་དང་གོམས་གཤིས་ཀྱི་རིང་ཐང་ལ་གུས་བཀུར་ཆེ་མཐོང་དང་མོས་པ་ཧ་ཅང་བྱེད་མཁན་ཞིག་ཡིན། ངས་ཡུ་རོབ་སྲིད་གཞུང་ཁག་དང་ལྷག་པར་ཡུ་རོབ་སྤྱི་མཐུན་ཚོགས་པས་བོད་རྒྱ་འབྲེལ་མོལ་སླར་གསོའི་ཐོག་ནས་མུ་མཐུད་རྒྱུར་འབད་བརྩོན་དང་རྒྱབ་སྐྱོར་གནང་གི་རེད་བསམ་པའི་རེ་བ་ཆེན་པོ་ཡོད། དེ་འདྲ་བྱུང་ཐུབ་ཚེ་དེང་སྐབས་འཚེ་བའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པའི་སྤྱི་ཚོགས་ཁྲོད་འཚེ་མེད་ཞི་བའི་ཐབས་ལམ་ལའང་གྲུབ་འབྲས་ཐོན་ཐུབ་རྒྱུ་འདུག་བསམས་པའི་མིག་དཔེ་བཟང་པོ་ཞིག་འཇོག་ཐུབ་རྒྱུ་རེད། དེ་འདྲ་བྱུང་བ་ཡིན་ན་གོ་ལ་སྤྱིའི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་དེ་འཚེ་མེད་ཞི་བ་གྲོས་མོལ་ལ་བརྟེན་ནས་འགྲོ་ཐུབ་པ་ཞིག་ཡོང་རྒྱུར་བརྡ་ལན་གསལ་པོ་གཏོང་ཐུབ། ཅེས་འཁོད་འདུག
མ་ཡིག་ཨིན་ཡིག་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་གནང་རོགས།