༢༠༡༦ ཟླ་ ༦ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༤ ཉིན་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཚོགས་དྲུང་ལས་ཁུངས་ཀྱིས་གོ་སྒྲིག་འོག་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་ནང་བདམས་ཐོན་བྱུང་བའི་སྤྱི་འཐུས་གསར་པ་རྣམས་ལ་ཟླ་འདིའི་ཚེས་ ༤ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༡༠ བར་བཅས་ཉིན་གྲངས་བདུན་གྱི་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་། ཁྲིམས་སྒྲིག་བཅས་ཀྱི་སྐོར་ལ་ཟབ་ཁྲིད་གནང་རྒྱུའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ་དང་། ཚོགས་དྲུང་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད། དེ་བཞིན་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༤༠ ཙམ་མཉམ་ཞུགས་ཀྱིས་ཐོག་མར་ཚོགས་གཞོན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་མཚམས་གསུང་བཤད་གནང་དོན། བར་ལམ་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་ནས་འགོ་འཛུགས་ཀྱིས་ཟབ་སྦྱོང་ལས་རིམ་ཞིག་འབུལ་རྒྱུའི་ལམ་སྲོལ་ཞིག་ཆགས་ཡོད། དེ་སྔ་ཡིན་ན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་སྲོལ་ཡོད་ཀྱང་བར་ལམ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་ཁུངས་མ་གནས་པར་བརྟེན་ཚོགས་དྲུང་ལས་ཁུངས་ནས་འགན་ཁུར་རྐང་བཞེས་གནང་ནས་ཟབ་སྦྱོང་འདི་གོ་སྒྲིག་གནང་བཞིན་ཡོད། ཅེས་ཞུ་རྒྱུ་ཡིན།
དཔལ་ལྡན་ཚོགས་གཙོ་མཆོག་ལས་རིམ་གཞན་ཞིག་ཏུ་བཅར་རྐྱེན་དེ་རིང་འདིར་ཕེབས་ཐུབ་མེད། དེ་རིང་འདིར་ཕེབས་པའི་གསར་དུ་བདམས་ཐོན་བྱུང་བའི་ཕྱག་སྦྲེལ་སྤྱི་འཐུས་རྣམ་པ་སོ་སོ་སྒེར་དང་། ལྷག་པར་ཚོགས་གཞོན་གྱི་མཚན་ཐོག དེ་བཞིན་ཚོགས་གཙོ་སྦྲེལ་པོའི་འགན་འཁུར་མཉམ་སྤུངས་ཐོག་ནས་དགའ་བསུ་ཆེན་པོས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྩ་བའི་དེ་རིང་དུས་ཚོད་ཐུང་ངུ་ཞིག་གི་ནང་བཅའ་ཁྲིམས་དང་སྒྲིག་གཞི་དོན་ཚན་གཏན་འབེབས་བྱས་པའི་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ནས་བཟུང་སྐབས་བཅོ་ལྔའི་གྲོས་ཚོགས་ཀྱི་ཚོགས་དུས་མཐའ་མའི་བར་སྒྲིག་གཞི་ཉི་ཤུ་རྩ་གྲངས་ཤིག་གཏན་འབེབས་གནང་ཡོད། དེ་དག་ཡོངས་རྫོགས་དེ་རིང་གི་ཟབ་སྦྱོང་ནང་ཚར་རྒྱུ་མ་རེད། འོན་ཀྱང་གལ་ཆེ་བ་དང་གནད་ཆེ་བ། ཐད་ཀར་འབྲེལ་བ་ཡོད་པ་ནི། བཅའ་ཁྲིམས་རེད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། སྔོན་རྩིས་འགྲོ་སྟངས་སྐོར་དེ་གསུམ་འདི་གནད་འགག་ཆེ་ཤོས་ཆགས་ཀྱི་ཡོད་སྟབས། གཙོ་བོ་དེ་གསུམ་གཞི་ལ་བཞག་པའི་ཐོག་ནས་ལས་རིམ་བང་སྒྲིག་པ་ཞིག་དང་། ལྷག་པར་ལས་འཆར་ཞིག་གི་ནང་འཛམ་གླིང་ཕྱི་ལ་བལྟ་དགོས་པའི་ལས་འཆར་ཞིག་ཆགས་ཀྱི་ཡོད། སྤྱི་འཐུས་རྣམ་པ་ཚོ་གྲོས་ཚོགས་ནང་ཁྲིམས་དང་སྒྲིག་གཞི་གཏན་འབེབས་ཙམ་མིན་པར་དེ་ལས་འཕྲོས་པའི་ལས་འགན་ལྷག་མ་ཞིག་ཡོད་པ་ནི། བོད་དོན་བདེན་མཐའ་གསལ་རྒྱུའི་འགན་ཁུར་འཕར་མ་ཞིག་ཡོད། འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཛམ་གླིང་སྤྱི་ལ་ག་ཚོད་སྙོབ་ཐུབ་ཐབས་གནང་རྒྱུ་དང་། དེར་བརྟེན་ཕྱིའི་ཡུལ་གྲུར་འབྲེལ་ལམ་དང་ལས་དོན་གནང་ཕྱོགས་སྐོར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཟབ་ཁྲིད་གནང་རྒྱུ་བཅས་ལས་རིམ་བང་སྒྲིག་པ་རེད།
གཞན་ཡང་ལས་རིམ་ནང་ལས་ཁུངས་ཁག་དང་སྡེ་ཚན་ཁག་གི་ནང་དངོས་སུ་བཅར་རྒྱུའི་ལས་རིམ་གནད་འགག་ཆེ་བ་ཞིག་ཆགས་ཀྱི་ཡོད། འདས་པའི་སྤྱི་འཐུས་རྣམ་པ་ཚོར་སྦྱོང་བརྡར་ཕུལ་བའི་རྗེས་སུ་ལས་ཁུངས་རེ་རེར་བཅར་ནས་ཆུ་ཚོད་གཉིས་གསུམ་བཏང་གནང་སྟེ། འབྲེལ་ཡོད་དྲུང་ཆེར་དྲི་བ་གནང་བ་དང་། ལྷག་པར་ལས་ཁུངས་རེ་རེའི་ནང་སོ་སོ་སྒེར་ངོས་ནས་ཕེབས་ན། ཕེབས་ཐུབ་ཐབས་མེད་ལ། ལས་དོན་དང་འབྲེལ་བའི་ཐོག་ནས་ལས་བྱེད་རེ་བཟུང་དང་འབྲེལ་ལམ་ཡོང་བ་ཙམ་མ་གཏོགས་དངོས་སུ་ལས་ཁུངས་རེ་རེའི་ནང་བསྐྱོད་ཐུབ་ཀྱི་མེད། དེར་བརྟེན་ད་རེས་ལས་ཁུངས་ཡོངས་རྫོགས་ནང་གཟིགས་སྐོར་དང་། གཟིགས་སྐོར་ཙམ་མ་ཟད་ལས་ཁུངས་རེ་རེའི་ལས་དོན་སྙིང་བསྡུས་རྣམ་པ་ཚོས་མཁྱེན་པ་ཡོང་རྒྱུ་དང་། རྣམ་པ་ཚོས་སྔོན་ནས་དོགས་པ་རྣམ་རྟོག་ཡོད་པ་དེ་དག་འདྲི་རྩད་བྱེད་རྒྱུའི་ལས་རིམ་ཡོད། དེ་བཞིན་རྡ་ས་བདེ་ལེགས་སྨན་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་། འབྲེལ་ཡོད་ཚན་པ་ཁ་ཤས་བཞག་གནང་ཡོད་རེད།
ཐོག་མར་ང་ཚོ་དཔེ་སྟོན་སློབ་གྲྭ་བཞག་ན་བསམས་པ་རེད། འོན་ཀྱང་དེང་སྐབས་དབྱར་ཁའི་གུང་གསེང་འཁེལ་ཡོད་སྟབས། དཔེ་སྟོན་སློབ་གྲྭར་གཟིགས་སྐོར་བསྐྱོད་རྒྱུའི་ལས་རིམ་མར་འཐེན་ནས་ཉེ་འཁོར་གྱི་ལས་ཁུངས་ཁག་གཉིས་དེ་ལྟར་བང་སྒྲིག་པ་རེད་ཅེས་ཞུ་རྒྱུ་ཡིན། རྩ་བའི་ནམ་རྒྱུན་ངས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་འདི་ས་གནས་འཐུས་ཚོགས་ཁག་ལ་འབུལ་རྒྱུར་བཅར་གྱི་ཡོད། དེང་དུས་ཀྱི་འགྲོ་ལུགས་ལྟར་ power point presentation བརྒྱུད་འབུལ་གྱི་ཡོད། ངས་ནམ་རྒྱུན་གྲོས་ཚོགས་ཀྱི་གཙུག་ལག་ར་བ་དེ་མང་གཙོའི་ཀ་བ་གསུམ་ལ་དཔེ་མཚོན་བཞག་གི་ཡོད། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཐོག་ཚོགས་གཙོས་གཙོ་སྐྱོང་གནང་ཕྱོགས་ཀྱི་ལས་རིམ་འདི་ཇི་ཙམ་ཚོགས་འདུ་ཚགས་ཚུད་པོ་བྱུང་མིན་དང་། ཚད་དང་ལྡན་པ་བྱུང་མིན་ནི། ཚོགས་གཙོས་གཙོ་སྐྱོང་གནང་ཕྱོགས་ལ་ཧ་ཅང་རགས་ལས་ཡོད།
དེ་ནས་དོན་ཚན་གཉིས་པ་ནི། འཛིན་སྐྱོང་ཆགས་ཡོད། འཛིན་སྐྱོང་གི་འགན་ཁུར་ཆ་ཚང་ལན་འདེབས་དང་། གསལ་བཤད་ཡོངས་རྫོགས་འཛིན་སྐྱོང་གིས་གནང་དགོས་ཀྱི་ཡོད། གྲོས་ཚོགས་ཀྱི་གཙུག་ལག་ར་བའི་ནང་སྤུངས་དགོས་ཀྱི་ཡོད། གསུམ་པ་ནི། ཚོགས་གཙོས་ཇི་ཙམ་གཙོ་སྐྱོང་གནང་རྒྱུ་ཡོད་པའི་དབང་དུ་བཏང་པ་ཡིན་ནའང་། གཙུག་ལག་ར་བའི་ནང་གསུང་པ་པོ་གཙོ་བོ་སྤྱི་འཐུས་རྣམ་པ་ཚོ་རེད། གྲོས་ཚོགས་འཐུས་མི་རྣམ་པ་ཚོས་གནད་དོན་ཡོངས་སུ་རྫོགས་པར་ཆ་ཤས་ཚད་དང་ལྡན་པ་མ་བླང་པ་ཡིན་ན། གྲོས་ཚོགས་ཀྱི་གཙུག་ལག་ར་བ་འདི་ཚད་དང་ལྡན་པ་ཞིག་དང་དོན་དང་ལྡན་པ་ཞིག་རང་བཞིན་གྱི་ཡོང་གི་མེད། དེར་བརྟེན་མང་གཙོའི་ཀ་བ་གསུམ་འདི་གྲོས་ཚོགས་ཀྱི་གཙུག་ལག་ར་བ་གསུམ་འདི་གཙོ་བོ་ཁྲིམས་བཟོ་ལྷན་ཚོགས་དང་། འཛིན་སྐྱོང་། ཁྲིམས་ཞིབ་བཅས་ལོགས་སུ་འབྱེད་ཀྱི་ཡོད། འོན་ཀྱང་གཙུག་ལག་ར་བ་དེ་ག་རང་གི་ནང་སྡེ་ཚན་གཉིས་སུ་ཕྱེ་ནས་བཞག་ཡོད། ང་རང་ཚོའི་སྒྲིག་འཛུགས་རྐྱང་པ་ནས་ལེགས་སྤེལ་ཉེན་འགོག་ཡོད་རེད་དམ་ཞེ་ན་ཡོད་རེད། ཡིན་ནའང་༸རྒྱལ་བ་དོན་གྱི་བདག་པོའི་གསུང་གི་བདུད་རྩི་ལས་ལྷག་གཅིག་ཕལ་ཆེར་མཇལ་རྒྱུ་དཀོན་པོ་རེད། དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསུང་གི་བདུད་རྩི་དང་།
ལྷག་པར་མང་གཙོའི་འཕེལ་རིམ་སྐོར་བཀའ་སློབ་ཕེབས་པ་དེ་བར་ལམ་སྤྱི་འཐུས་ལྷན་ཚོགས་ནས་པར་སྐྲུན་བྱས་པའི་མང་གཙོའི་ལམ་བུ་ཞེས་པའི་ཕྱག་དེབ་དེ་སྤྱི་འཐུས་རྣམ་པས་ལྗག་ཀློག་གནང་པ་ཡིན་ན། ཕྱི་ལོ་ ༡༩༥༩ ནས་བཟུང་མང་གཙོའི་འཕེལ་རིམ་དེ་རེ་རེ་གཉིས་རེ་བཞིན་རྣམ་པ་ཚོ་མ་འོངས་པར་གསུང་བཤད་གནང་རྒྱུ་དང་། སྤྱི་ཚོགས་ནང་ཕེབས་སྐབས་ཐུགས་ཕན་གསོ་རྒྱུའི་རང་བཞིན་ཞིག་ཡོད་རེད། ཅེས་ཞུ་རྒྱུ་ཡིན། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་གི་བདུད་རྩིའི་ནང་ཡོད་པ་བཞིན་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་མཆོག་གིས་གཞན་གྱི་གསུངས་པ་དེ་རང་གིས་གསན་ཤེས་པ་དགོས་རྒྱུ་དང་། སོ་སོའི་བཤད་རྒྱུ་དེ་གཞན་ལ་གོ་བ་དཔྱིས་ཕྱིན་པ་སྤྲོད་རྒྱུ་དེ་གནད་འགག་ཆེན་པོ་རེད། ཅེས་རང་ཉིད་ཀྱི་གསུངས་པ་དེ་གཞན་ལ་གནོན་ཤུགས་ཆེད་དུ་གསུང་གི་ཡོད་ན་གཞན་གྱི་བློ་ལའང་འབབ་ཀྱི་མ་རེད་ལ། བསམ་ཤེས་ཀྱང་གནང་གི་མ་རེད། གང་ལྟར་སོ་སོའི་གསུང་རྒྱུ་དེ་གཞན་གྱི་ཀླད་པའི་ནང་ལ་ཨིན་སྐད་ནང་ཡོད་པ་བཞིན་ Impose བྱེད་རྒྱུ་ཡོད་མ་རེད། ལྷག་པར་དུ་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་གཞན་གྱི་བསམ་པ་དེ་བསམ་བཞེས་གནང་ཐུབ་པ་བྱེད་རྒྱུ་དེ་གྲོས་ཚོགས་འཐུས་མིའི་གུ་ཡངས་ཆེ་ཤོས་དེ་རེད། ཅེས་གསུང་པ་དེ་གནད་འགག་ཅིག་ཡིན་སྟབས་རྣམ་པ་ཚོ་འདི་གཅིག་ཞུས་པ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་ཟབ་སྦྱོང་བ་རྣམས་ལ་བཅའ་ཁྲིམས་སྐོར་ཟབ་ཁྲིད་དབུ་འཛུགས་གནང་ཡོད་པ་བཅས། །