༢༠༡༠ ཟླ་ ༩ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༤ ཉིན་རྒྱལ་སྤྱིའི་ཆོས་ལུགས་རང་དབང་མཐུན་ཚོགས་ (IARF) ཀྱི་ཚོགས་འདུ་སྐབས་ ༣༣ ཐོག་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦེལ་ཀོབ་གཞིས་ཆགས་ནས་ཆིབས་སྒྱུར་བསྐྱངས་ཏེ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་གྲོང་ཁྱེར་ཀོ་ཆིའི་ (Kochi) གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་རྒྱ་གར་སྲོལ་རྒྱུན་གྱིས་ལམ་ནས་ཕེབས་བསུ་ཞུས་ཡོད་པ་མ་ཟད། ས་གནས་བོད་མི་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་མགོན་པོ་གང་ཉིད་མཆོག་ལ་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཚོགས་འདུ་དབུ་འཛུགས་ཀྱིས་ཐོག་མར་ཡེ་ཤུ་དང་། ཧིན་ཌུ། ཉི་ཧོང་ཤིང་ཊོའི་རྗེས་འཇུག་པ། བྷ་ཧའི། སིཀ ཛོ་ར་སི་ཊེན ཁ་ཆེ་བཅས་ཆོས་ལུགས་ཁག་ ༡༢ ཙམ་གྱི་སྨོན་ལམ་གསུང་འདོན་གནང། དེ་རྗེས་ཉི་ཧོང་རྣལ་འབྱོར་ལྷན་ཚོགས་(Japan Yoga Association) ཞེས་པའི་ཚོགས་པ་དེས་འཁྲབ་སྟོན་ཞིག་གཟིགས་འབུལ་ཞུས་གྲུབ་མཚམས་ཚོགས་འདུ་དངོས་གཞི་དབུ་འཛུགས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇོན་པོལ་གཉིས་པའི་ཚོགས་ཁང་ནང་ (Beyond Conflict to Reconciliation-Challenges of 21st Century) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། མི་སོ་སོར་ཆོས་ལུགས་ཇི་འདྲ་ཞིག་ཉམས་སུ་ལེན་མིན་རང་དབང་ཆ་ཚང་དགོས། ཆོས་ལུགས་ཚང་མའི་ནང་གཞི་རྩའི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་བའི་བཟང་པོའི་བསླབ་བྱ་གསུངས་ཡོད། ཧིན་ཌུ་དང་ཡེ་ཤུ། ཁ་ཆེ། གཅེར་བུ་པ། ནང་པ་སངས་རྒྱས་པ། སིཀ་བཅས་ཆོས་ལུགས་ཚང་མའི་ལྟ་གྲུབ་དང་ཆོས་བྱ་ཚུལ་གྱི་རྣམ་པ་མི་འདྲ་བ་ཙམ་ཡོད་ནའང་། གཞི་རྩའི་ཆོས་ལུགས་དེ་དག་ཚང་མའི་ནང་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་བཅས་བཟང་པོའི་བསླབ་བྱ་དེ་དག་ལམ་སྟོན་གནང་བཞིན་ཡོད་པ་མ་ཟད། ཆོས་ལུགས་དེ་དག་ཚང་མས་ཆོས་ལུགས་གཞན་ལ་གུས་བརྩི་ཞུ་དགོས་པའི་ལམ་སྟོན་ཡང་གནང་བཞིན་ཡོད། སོ་སོའི་ཕ་མེས་ཀྱི་ཆོས་ལུགས་ལ་བདག་གཅེས་ཐོག་ཆོས་ལུགས་གཞན་ལ་གུས་བརྩི་ཞུ་དགོས།
སྐབས་རེ་མི་འགའ་རེས་ཆོས་དེ་བེད་སྤྱོད་ལོག་པ་གཏོང་བཞིན་ཡོད་པ་ནི་བློ་ཕམ་རེད། དུས་རབས་ ༢༡ འདི་གྲོས་མོལ་གྱི་དུས་རབས་ཤིག་ཆགས་ཡོད། དེར་བརྟེན་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་སྐྲུན་རྒྱུར་ཆོས་ལུགས་ནང་ཁུལ་གྲོས་མོལ་གནང་རྒྱུ་གལ་ཆེ་ཆགས་ཡོད། ནུབ་ཕྱོགས་པའི་ཚན་རིག་པ་ཚོས་དེང་སྐབས་ཆོས་ལ་དོ་སྣང་གསར་པ་ཞིག་བྱེད་འགོ་བཙུགས་ཡོད། འཛམ་གླིང་གི་རང་བྱུང་གཏེར་དངོས་ལ་སྣང་ཆུང་དང་ཚད་ལས་བརྒལ་བས་བག་མེད་ལོངས་སུ་སྤྱད་པར་བརྟེན་པ་ཀི་སི་ཐན་དང་ཨ་ཕི་རི་ཁའི་ས་ཆ་འགའ་ཤས། དེ་བཞིན་བོད་དང་། ལ་དྭགས། རྒྱ་ནག་བཅས་ཀྱི་ནང་ཆུ་རུད་དང་ཐན་པ་བྱུང་ཡོད། དེར་བརྟེན་ང་ཚོའི་གོ་ལ་འདིར་ཀུན་ཁྱབ་འགན་ཁུར་གྱི་བསམ་བློ་ཞིག་གཏོང་དགོས་པ་ཆགས་ཡོད་ཅེས་བཀའ་སློབ་སྩལ་ཡོད་པ་མ་ཟད། གཞན་ཡང་སྐབས་དེར་བུད་མེད་གཅིག་གིས་༸གོང་ས་མཆོག་ལ་དེང་སྐབས་གྲོས་མོལ་གྱི་དུས་རབས་འདིར་བུད་མེད་ཚོར་དམིགས་བསལ་འགན་ཞིག་ཡོད་པ་གཟིགས་ཀྱི་ཡོད་དམ་ཞེས་དྲི་བ་ཕུལ་བར། མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། དེར་ཐེ་ཚོམ་གང་ཡང་མེད། གཟུགས་ཁམས་གྲུབ་ཚུལ་གྱི་ཆ་ནས་བུད་མེད་ཚོར་བྱམས་པ་དང་བརྩེ་བའི་ནུས་པ་ཆེ་བ་ཡོད། དེར་བརྟེན་བུད་མེད་ཚོས་འགན་མང་ཙམ་ལེན་དགོས་ཞེས་བཀའ་ལན་སྩལ་བ་མ་ཟད། དྲི་བ་གཏོང་མཁན་གཞན་ཞིག་ལ་བཀའ་ལན་སྩལ་དོན། དེང་དུས་ཤེས་ཡོན་ལམ་སྲོལ་ནང་ཀླད་པ་དང་འབྲེལ་བའི་ཤེས་ཡོན་ཐོག་དམིགས་བསལ་དོ་སྣང་སྤྲོད་བཞིན་ཡོད། དེར་བརྟེན་ཤེས་ཡོན་ཆ་ཚང་བ་ཞིག་ཡོང་བར་དེང་དུས་ཤེས་ཡོན་ལམ་སྲོལ་ནང་བཟང་སྤྱོད་དང་འབྲེལ་བའི་སློབ་སྦྱོང་སྤྲོད་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ།།