༢༠༡༠ ཕྱི་ཟླ་ ༥ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༧ ཉིན་ཨི་ཊ་ལིའི་གྲོང་ཁྱེར་མི་ལ་ནོའི་ནང་རྟེན་གཞི་བྱས་པའི་ཨི་ཊ་ལིའི་གཞུང་འབྲེལ་མིན་པའི་ཚོགས་པ་ “Associazione per i Diritti Umani e Tolleranza” དབྱིན་སྐད་ཐོག་ (Association for Human Rights and Tolerance) བརྗོད་པ་ནས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཕྱི་ལོ་ ༢༠༡༠ ལོའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ (Human Rights Hero Award 2010) ཕུལ་ཡོད།
དེ་ཉིན་གྲོང་ཁྱེར་མི་ལ་ནོའི་ (Grand Hotel Villa Torretta) ཞེས་པའི་མགྲོན་ཁང་ནང་གཟེངས་རྟགས་ཀྱི་མཛད་སྒོ་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་གཟེངས་རྟགས་འབུལ་རྒྱུའི་དགོས་དམིགས་གཙོ་བོ་ཇི་ཡིན་ཚོགས་གཙོ་ལྕམ་སྐུ་ཕ་ཡོ་རེ་ལ་ཀར་ཆ་ར་ (Fiorella Cerchiara) ལགས་ཀྱིས་གསུང་དོན། ལྕམ་སྐུ་རྗེ་བཙུན་པདྨ་མཆོག་ནི་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་ཆེ་མཐོང་ཤུགས་ཆེ་གནང་མཁན་གྱི་དཔེ་མཚོན་ཞིག་ཆགས་ཡོད། ཁོང་ང་ཚོའི་ཁྲོད་དུ་ཆེད་ཕེབས་གནང་བ་འདིས་ང་ཚོར་ཧ་ཅང་ཆེ་མཐོང་ཐོབ་བྱུང་། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་གཟེངས་རྟགས་དགྱེས་བཞེས་གནང་སྟེ་གསུང་དོན། གཟེངས་རྟགས་འདི་ནི་འགྲོ་བ་མི་སྤྱི་ཡོངས་ལ་བློ་སྤོབས་བསྐྲུན་མཁན་ཞིག་ཡིན་པ་མ་ཟད། དམིགས་བསལ་ང་ཚོ་བཙན་བྱོལ་བ་ཚོའི་སེམས་ནང་སྤོབས་པ་བསྐྲུན་ངེས་ཤིག་ཡིན། བོད་ནང་གི་གཞིས་ལུས་བོད་མི་ཚོས་ད་དུང་ཡང་ཧ་ཅང་དཀའ་སྡུག་མྱོང་བཞིན་ཡོད། ངོས་ནས་གཞིས་ལུས་བོད་མི་རྣམས་ཀྱི་མཚན་ཐོག་དང་ཁོང་ཚོར་ཆེ་མཐོང་གི་ཚུལ་དུ་གཟེངས་རྟགས་འདི་བཞིན་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་། དེ་བཞིན་མཛད་སྒོ་དེའི་སྐབས་གྲོང་ཁྱེར་མི་ལ་ནོའི་ནང་གནས་སྡོད་བོད་མི་ཚོས་བོད་ཀྱི་ཐུན་མོང་མིན་པའི་གཞས་སྣ་ཁག་གཅིག་འཁྲབ་སྟོན་ཞུས་ཡོད་པ་དང་། མཛད་སྒོ་དེའི་ནང་སེར་བྱེས་ཐར་ཤུལ་རིན་པོ་ཆེ་མཆོག་དང་། ཆུང་དག་ཀོ་རིན་ལགས་བཅས་ཀྱང་ལྷན་ཞུགས་གནང་ཡོད་པ་མ་ཟད། གྲོང་ཁྱེར་མི་ལ་ནོའི་ཚོགས་གཙོ་མན་ཕེ་རེ་ཌི་པལ་མེ་རི་ (Manfredi Palmeri) མཆོག་ཀྱང་ཆེད་ཕེབས་གནང་ཡོད་པ་བཅས།།