༢༠༡༦ ཟླ་ ༥ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༢ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ Human Rights Watch སྙན་ཐོ་ཞིག་བཏོན་པའི་ནང་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་འཁོད་དོན། ཕྱི་ལོ་ ༢༠༠༨ ལོར་བོད་ནང་དུ་ཞི་རྒོལ་ཆེན་མོ་བྱུང་རྗེས་རྒྱ་ནག་གཞུང་གིས་བོད་མི་ཞི་རྒོལ་བ་རྣམས་ལ་དམ་བསྒྲགས་བཀག་སྐྱིལ་དང་། མནར་གཅོད་གཏོང་རྒྱུ། དེ་བཞིན་ཉེས་འཛུགས་བྱ་རྒྱུའི་གྲངས་ཐོ་ཧ་ཅང་ཚད་མཐོ་རུ་སོང་ཡོད། དེ་སྔ་ཡིན་ན་རྒྱ་ནག་གཞུང་གིས་རྒྱལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་གཉིས་ཀའི་ནང་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་ཡོད་ཚུལ་འཁོད་པ་ལྟར་རྒྱ་ནག་གཞུང་གིས་བཟོད་སྲན་ཐོག་རང་དབང་སྤྲོད་བཞིན་ཡོད་ཀྱང་། ད་སྐབས་རང་དབང་དེ་དག་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད། དཔེར་ན། རྒྱ་ནག་གཞུང་གིས་དེ་སྔ་བོད་ཀྱི་གྲོང་གསེབ་ས་ཁུལ་ཁག་ཏུ་སྨྲ་བརྗོད་དང་འདུ་འཛོམས་རང་དབང་ལ་དམ་བསྒྲགས་ཚོད་འཛིན་མ་བྱས་པར་བཟོད་སྲན་བྱས་སྲོལ་ཡོད་ཀྱང་ད་ཆ་གྲོང་གསེབ་ས་ཁུལ་དེ་དག་ནང་དམ་བསྒྲགས་ཆེ་རུ་བཏང་ཡོད། རྒྱ་ནག་གཞུང་གིས་བོད་མི་གནས་སྡོད་ཀྱི་ས་ཁུལ་རྣམས་ལ་དམིགས་སུ་བཀར་ནས་ཞི་བའི་ལས་འགུལ་སྤེལ་མཁན་རྣམས་ལ་དམ་བསྒྲགས་བྱེད་བཞིན་ཡོད། ཅེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངེས་སྟོན་པ་ལྕམ་སྐུ་སོ་ཕི་རི་ཆ་ཌི་སན་ Sophie Richardson མཆོག་གིས་གསུངས་ཡོད། དེ་བཞིན་ཁོང་གིས་མུ་མཐུད་གསུང་དོན། རྒྱ་ནག་གཞུང་གིས་བོད་མི་ཚང་མར་ངོ་རྒོལ་བྱེད་མཁན་ལྟ་བུར་བརྩི་ནས་བོད་མི་སྤྱི་ཚོགས་ཁྱོན་ཡོངས་ལ་གསང་ཉུལ་བྱ་རྒྱུའི་པར་ཆས་བཙུགས་ནས་གསོ་ལྟ་བྱེད་བཞིན་ཡོད། ཅེས་གསུངས། དེ་ཡང་ཤོག་གྲངས་ ༨༦ ཡོད་པའི་སྙན་ཐོ་དེའི་ནང་དུ་ཕྱི་ལོ་ ༢༠༡༣ ནས་ ༢༠༡༥ བར་སྤྱི་ཚོགས་ནང་མང་ཚོགས་རྣམས་ཀྱི་བསམ་བློ་ལྷིང་འཇགས་མེད་པའི་རྣམ་འགྱུར་གཅིག་རྗེས་གཉིས་མཐུད་བྱས་ནས་ཡོང་བ་དང་། རྒྱ་ནག་གཞུང་གིས་བོད་མི་ཞི་རྒོལ་བ་རྣམས་ལ་འཛིན་བཟུང་བཀག་ཉར་དང་བཙན་ཁྲིད་བྱས་པ། ཉེ་ལམ་རྒྱ་ནག་གཞུང་གིས་སྲིད་བྱུས་གསར་པ་ལག་བསྟར་འོག་རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོབ་ལ་ཁག་དཀྲི་བྱས་ནས་བོད་མི་རྣམས་ལ་དམ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་པ་མ་ཟད། ལྷག་པར་བོད་མི་གྲོང་གསེབ་ས་ཁུལ་དུ་དམ་བསྒྲགས་སྔར་བས་ཆེ་རུ་བཏང་ཡོད་པ་འཁོད། གཞན་ཡང་སྙན་ཐོའི་ནང་གསལ་དོན། བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ནང་གསར་འགོད་པ་དང་ཉམས་ཞིབ་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ་དམ་བསྒྲགས་ཧ་ཅང་བྱེད་རྐྱེན་སྐོར་བསྐྱོད་བྱ་རྒྱུའི་གོ་སྐབས་རྩ་བ་ནས་མ་སྤྲད་པར་བོད་རང་སྐྱོང་ལྗོངས་དེ་སྒོ་བརྒྱབ་པ་ལྟ་བུ་ཆགས་ཡོད། ཅེས་སོགས་འཁོད་འདུག