༢༠༡༦ ཟླ་ ༥ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །བོད་ཟླ་ ༥ ཚེས་ ༡༥ ཉིན་འཛམ་གླིང་ནང་པའི་ཡུལ་གྲུ་གང་སར་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་པ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་དྲན་རྟེན་རྩེད་ཐང་གི་ཚོགས་ཁང་དུ་རྒྱ་གར་རིག་གཞུང་ལྷན་ཁང་གིས་གོ་སྒྲིག་འོག རྒྱལ་ཡོངས་ནང་པའི་ཚོགས་པ་ཁག་གཅིག་མཉམ་རུབ་ཐོག་རྒྱལ་སྤྱིའི་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་འདུག
དུས་ཆེན་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་ནང་སྲིད་བློན་ཆེན་སྐུ་ཞབས་རཱཇ་ནཱཐ་སིངྒ་ Rajnath Sigh མཆོག་གིས་གཙོས་རྒྱ་གར་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་མ་ཧེ་ཤི་ཤརྨ་ Mahesh Sharma མཆོག་དང་། རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རན་རི་ཇི་ཇུ་ Kiren Rijiju མཆོག ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས། ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག། རྒྱལ་སྤྱིའི་ནང་པ་ལྷན་ཚོགས་ཀྱི་ཚོགས་གཙོ་བླ་མ་བློ་བཟང་ལགས། དེ་བཞིན་ལྡི་ལི་ཁུལ་དུ་གནས་སྡོད་བོད་མི་དད་ལྡན་པ་བརྒྱ་ལྷག་འདུ་འཛོམས་ཀྱིས་དུས་ཆེན་སྲུང་བརྩི་ཞུས་ཡོད་འདུག དུས་ཆེན་གྱི་མཛད་སྒོའི་ཐོག་མར་ཅཀ་མ་ནང་པའི་སྤྱི་ཚོགས་ Chakma Buddhist Society ཀྱིས་ཤིས་བརྗོད་དབྱངས་སུ་གྱེར་བ་དང་། དེ་རྗེས་རྒྱལ་སྤྱིའི་བཟོ་ལས་ཁྱད་ལས་པ་དང་ཆོས་རྒྱལ་མྱ་ངན་མེད་མཐུན་ཚོགས་ Samrat Ashok Club ཀྱི་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བ་དང་། དེ་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་རྣམ་སྐོར་བཟོ་སྐྲུན་ཞུས་པའི་གློག་བརྙན་ཞིག་སྤྱན་འབུལ་ཞུས་གྲུབ་མཚམས་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་ཆོས་འབྲེལ་གསུང་བཤད་གནང་།
དེ་ནས་ནང་པའི་ཚོགས་ཁག་རྣམས་ཀྱིས་ལེགས་སྦྱར་དང་པཱ་ལི། དེ་བཞིན་བོད་སྐད་བཅས་ཀྱི་ནང་སྟོན་པ་ཐུབ་པའི་དབང་པོར་བསྟོད་པའི་སྨོན་ལམ་གསུང་འདོན་གནང་རྗེས་ཅན་རྡི་གྷར་དུ་རྟེན་གཞི་བྱས་པའི་ལ་དྭགས་མ་ཧཱ་བྷོ་དི་སློབ་ཕྲུག་རུ་ཁག་གིས་ཞལ་འདོན་གསུང་འདོན་གནང་མཚམས། རྒྱ་གར་རིག་གཞུང་དང་ཡུལ་སྐོར་བློན་ཆེན་དང་ཐེངས་འདིའི་དུས་ཆེན་སྲུང་བརྩིའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མ་ཧེ་ཤི་ཤརྨ་མཆོག་གིས།
འཛམ་གླིང་ནང་སྟོན་པའི་གནས་ཆེན་བརྒྱ་ཆ་བརྒྱད་ནས་བདུན་རྒྱ་གར་ནང་མཇལ་རྒྱུ་ཡོད་སྐོར་གསུངས་པ་དང་སྦྲགས། རྒྱ་གར་ནང་ཡོད་པའི་ནང་པའི་གནས་ཆེན་ཁག་མཇལ་རྒྱུའི་ Swadesh Darshan ཞེས་པའི་ལས་འགུལ་ཞིག་སྤེལ་རྒྱུའི་དབུ་འབྱེད་གནང་གྲུབ་མཚམས། རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རན་རི་ཇི་ཇུ་མཆོག་གིས་ད་ཡོད་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མོ་དི་མཆོག་གིས་དེ་སྔོན་སྟོན་པའི་དུས་ཆེན་དེ་གལ་ཆེན་པོར་འཛིན་པའི་ཐོག་ནས་རྒྱ་གར་གཞུང་གིས་ཐོག་ནས་སྟོན་པའི་དུས་ཆེན་སྲུང་བརྩི་ཞུ་ཐུབ་པ་སོགས་བྱས་རྗེས་ཆེན་པོ་ཡིན་སྐོར་སོགས་ཀྱི་བསྟོད་མངགས་གནང་། དེ་ནས་ Vesak Samman Prashasti Patra 2016 awards ཞེས་པའི་གཟེངས་རྟགས་ཞིག་ཝར་ཎ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་ལགས་དང་ Dharmachari Lokamitra དརྨ་ཅཱ་རི་ལོཀ་མིཏྲ་ལགས་སོགས་ལ་གནང་བ་དང་། གཟེངས་རྟགས་དེ་ཉིད་ཁོང་རྣམས་ལ་གནང་དགོས་དོན་ནི། ཁོང་རྣམས་ཀྱིས་རྒྱ་གར་གྱི་རིག་གཞུང་དང་སྒྱུ་རྩལ། དེ་བཞིན་ནང་པའི་རིག་གཞུང་རྣམས་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གནང་བའི་བྱས་རྗེས་ལ་གཟེངས་བསྟོད་དང་ཆེ་མཐོང་གནང་བ་ཞིག་ཡིན་འདུག
སྐུ་མགྲོན་གཙོ་བོ་རྒྱ་གར་ནང་སྲིད་བློན་ཆེན་སྐུ་ཞབས་རཱཇ་ནཱཐ་སིངྒ་མཆོག་གིས་རྒྱ་གར་གཞུང་གིས་ས་ག་ཟླ་བའི་དུས་ཆེན་ཞེས་སྲུང་བརྩི་ཞུ་གི་ཡོད་པ་དང་། ཉིན་དེར་སྟོན་པའི་མཛད་པ་གསུམ་འཛོམས་ཀྱི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་སྐོར། དེ་བཞིན་སྐྱེ་འགྲོ་རྣམས་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ལམ་དེ་སངས་རྒྱས་ཀྱི་གསུངས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ཐེངས་འདིའི་དུས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་སྐུ་མགྲོན་གཙོ་བོ་མཆོག་གིས་གཙོས་སྐུ་མགྲོན་གཞན་རྣམས་ལ་ཐུགས་རྗེ་ཆེ་ཞུས་འདུག ཉིན་དེར་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་ཆགས་དང་། ལ་དྭགས་བུདྡཱ་ཝི་ཧཱར། དེ་བཞིན་ལྡི་ལིའི་ནུབ་ཕྱོགས་བཅས་སུ་གནས་འཁོད་བོད་མི་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དྲིན་དང་མཛད་པ་རྗེས་སུ་དྲན་པའི་ཐོག་ནས་རྒྱ་གར་ཡུལ་མི་རྣམས་ལ་རིན་མེད་ཐོག་ནས་ཞལ་ལག་དང་ཆབ་མངར་སྦྱིན་པ་བཏང་བ་སོགས་ཀྱི་དགེ་བའི་ལས་རྒྱ་གང་ཆེ་བསྒྲུབས་ཡོད་འདུག་པ་བཅས། །