༢༠༡༠ ཕྱི་ཟླ་ ༥ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༧ དང་བོད་ཟླ་ ༤ པའི་ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་མངའ་སྡེ་བྷི་ཧཱར་གྱི་རྒྱལ་ས་པ་ཊི་ནའི་ནང་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་དབུ་འབྱེད་ཆེད་ཁུལ་དེར་ཆིབས་སྒྱུར་སྐྱོང་སྐབས་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་དོན། རྒྱ་ནག་གཞུང་ཕྱོགས་ནས་རང་དབང་གི་རིན་ཐང་ཐོག་མོས་འདུན་གྱི་རྣམ་པ་སྟོན་བཞིན་ཡོད་སྟབས། བོད་ཀྱི་གནད་དོན་དེ་རིང་མིན་སེལ་ངེས་ཡིན། ལྷག་པར་རྒྱ་མིའི་དཔོན་རིགས་དང་མཁས་པ་དེ་བཞིན་རྩོམ་པ་པོའི་ནང་བོད་ཀྱི་གནད་དོན་ཐོག་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད། དཔེར་ན། རྒྱ་ནག་གི་ཤེས་ལྡན་མི་སྣ་དང་རྩོམ་པ་པོ་ཆིག་སྟོང་བརྒལ་བ་ཙམ་གྱིས་ཡར་ཐོན་ཏེ་བོད་མིའི་དཀའ་སྡུག་ལ་རྒྱབ་སྐྱོར་གནང་ཡོད། ཁོང་ཚོས་མཚོན་པའི་ཕྱོགས་མང་པོ་ནས་ལྟ་སྐབས་འདས་པའི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་གནད་དོན་དེ་སེལ་ངེས་ཅན་ཞིག་ཡིན། རྒྱ་ནག་དེ་བཞིན་རྒྱལ་རབས་ལོ་རྒྱུས་ཀྱི་ཆ་ནས་ནང་པ་སངས་རྒྱས་པའི་རྒྱལ་ཁབ་གཅིག་ཡིན་པ་དང་། རྒྱལ་ཁབ་དེའི་ནང་དུ་ནང་ཆོས་ལ་དད་གུས་བྱེད་མཁན་མི་གྲངས་ས་ཡ་ ༢༠༠ ཙམ་ཞིག་ཡོད། དེ་ཡང་རྒྱ་གར་དང་བསྡུར་ན་ནང་ཆོས་ཉམས་ལེན་བྱེད་མཁན་མང་བ་ཡོད། རྒྱ་ནག་གི་ངོས་ནས་རྒྱ་གར་འདི་ཆོས་ཕྱོགས་ཀྱི་བླ་མ་ཞིག་ཏུ་ངོས་འཛིན་དགོས། གང་ཡིན་ཞེ་ན། རྒྱ་གར་འཕགས་པའི་ཡུལ་དེ་སངས་རྒྱས་ཀྱི་དག་ཞིང་ཞིག་ཡིན་ཞེས་དང་། དེ་བཞིན་༸གོང་ས་མཆོག་གིས་ཨ་རུ་ན་ཅལ་མངའ་སྡེའི་སྐོར་གྱི་དྲི་བར་བཀའ་ལན་སྩལ་བ་དང་ཆབས་ཅིག་བྷི་ཧཱར་མངའ་སྡེ་དེ་ཡང་ཡར་རྒྱས་ཕྱིན་ཡོད་སྐོར་གྱི་བཀའ་སློབ་སྩལ་ཡོད། ཕྱོགས་མཚུངས་སྐྱེད་མོས་ཚལ་དེའི་ནང་མཆོད་རྟེན་ཞིག་བཞེངས་སྐྲུན་གནང་ཡོད་པ་དེར་༸གོང་ས་མཆོག་གིས་སྙིང་རྗེའི་མཆོད་རྟེན་ཞེས་མཚན་གསོལ་སྩལ་ཡོད་པ་བཅས།།