༄༅། །དེ་རིང་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༡༠ བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་དབང་བསྒྱུར་ལ་ངོ་རྒོལ་བྱས་ཏེ་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་གལ་ཆེའི་དུས་ཚིགས་འདིའི་ཐོག བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བོད་མི་རིགས་དང་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་སྤྱི་དང་། ཁྱད་པར་སྔ་ལོ་གསུམ་དུས་ནས་བཟུང་ད་བར་ཆོལ་གསུམ་ཡོངས་སུ་ཞི་རྒོལ་གྱི་ནང་ལུས་སྲོག་ཤོར་བ་རྣམས་ལ་རྗེས་དྲན་དང་། ད་ལྟ་བཙན་འོག་ཏུ་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད། གཞིས་བྱེས་བོད་མི་ཡོངས་ལ་སེམས་ཚོར་དྲག་པོས་འཚམས་འདྲི་བཅས་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༥༩ ནས་བཟུང་ད་བར་འདས་པའི་ལོ་ལྔ་བཅུའི་རིང་བོད་མི་རིགས་ཀྱི་སྐྱིད་སྡུག་ལ་ཕྱི་མིག་ཅིག་བལྟས་ན་བློ་ཡུལ་དུ་མི་ཤོང་བའི་འགྱུར་ལྡོག་ཧ་ཅང་མང་པོ་བྱུང་ཡོད། ཕྱི་ལོ་ ༡༩༤༩ ལོར་རྒྱ་དམག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་ངོ་ལོག་གཉའ་གནོན་དང་། དམངས་གཙོའི་བཅོས་བསྒྱུར། གྲལ་རིམ་འཐབ་རྩོད། རིག་གནས་གསར་བརྗེ། མི་དམངས་སྤྱི་ཁང་། དམག་ཁྲིམས་བསྡམས་པ། རྨང་གཞིའི་འཛུགས་སྐྲུན། ནུབ་ཕྱོགས་འཐོན་འབྱེད་སོགས་རྣམ་པ་དང་མིང་འདོགས་སྣ་ཚོགས་ཀྱིས་དོན་དུ་བོད་ཀྱི་མི་རིགས་གཙང་སེལ་བྱས་ཏེ་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ཕུགས་དམིགས་ལྡན་པའི་སྲིད་བྱུས་འོག་བོད་མིས་ལུས་སེམས་ཀྱི་དཀའ་སྡུག་མནར་གཅོད་ཇི་མྱོང་བརྗོད་ཀྱིས་མི་ལངས་ཤིང་། བོད་མི་ཡོངས་ཀྱི་ཡིད་ལམ་དུ་གསལ་བས་བསྐྱར་ཟློས་མ་དགོས།
དྲག་གནོན་མནར་གཅོད་དང་མགོ་སྐོར་སླུ་བྲིད། ༧ླད་པ་བཀྲུས་པའི་སློབ་གསོ་དྲིལ་བསྒྲགས་སོགས་ཐབས་བརྒྱ་བྱུས་སྟོང་ཇི་འདྲ་ཞིག་བྱས་རུང་། བོད་མི་རིགས་ཀྱི་སེམས་ཁམས་དང་སྙིང་སྟོབས་ལ་འགྱུར་བ་གང་ཡང་བཏང་མ་ཐུབ་པར་ཆོས་དད་དང་། རིགས་ཞེན། ཁྱད་པར་༸གོང་ས་༸སྐྱབས་མགོན་ཆེན་པོར་ལྡོག་ཏུ་མེད་པའི་དད་འདུན་བཅས་མི་རབས་གསུམ་གྱི་དུས་ཡུན་རིང་བརྟན་གནས་ཐུབ་པ་དང་། དེ་ཡང་སེམས་སྦག་ཏུ་ཡོད་ཙམ་མ་ཡིན་པར་ལུས་སྲོག་གི་ཉེན་ཁ་ལ་མ་ལྟོས་པར་ལུས་ངག་གི་རྣམ་རིག་ཏུ་གསལ་སྟོན་བྱས་པའི་ལས་འགུལ་སྔ་ལོ་ཕྱི་ཟླ་ ༣ ནས་བོད་ས་ཡོངས་སུ་བྱུང་དང་ཡོང་བཞིན་པ་དང་། དེ་ལ་བརྟེན་ནས་རྒྱལ་སྤྱིའི་མང་ཚོགས་ཀྱི་དོ་སྣང་དང་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐུབ་པ་བྱུང་བ་འདིས་བོད་རིགས་ཡོངས་ལ་རེ་བ་དང་ཡིད་ཆེས་གསར་པ་ཞིག་བསྐྲུན་པ་མ་ཟད། རྒྱ་ནག་དབང་འཛིན་པ་རྣམས་ཀྱིས་ཆེས་མུན་ནག་དང་ཆེས་རྗེས་ལུས་སུ་གནས་པའི་བོད་རིགས་རྣམས་བཅིངས་བཀྲོལ་བཏང་བ་དང་། དེང་རབས་ཀྱི་ཡར་རྒྱས་ཕུན་སུམ་ཚོགས་པ་བསྐྲུན་ཚུལ། ཁ་བྲལ་བ་ཉུང་ཤས་ཤིག་ལས་བོད་མི་མང་ཆེ་བ་རྒྱ་གཞུང་དང་དམར་ཤོག་ལ་དགའ་མོས་ཆེན་པོས་སངས་རྒྱས་ལྟ་བུའི་འདུ་ཤེས་འཛིན་ཚུལ་སོགས་ཧམ་རྫུན་གྱི་དྲིལ་བསྒྲགས་བྱས་དང་བྱེད་བཞིན་པ་དེ་དག་ལ་ལན་འདེབས་དེ་ལྷག་མེད་པ་ཞིག་བྱུང་ཡོད་པས། གཞིས་བཞུགས་བོད་མི་ཡོངས་ཀྱི་སྙིང་སྟོབས་དང་བསམ་སྤྱོད་ལ་ཡི་རངས་བསྔགས་བརྗོད་དང་། འབྱུང་འགྱུར་ཡང་འགྱུར་མེད་སྙིང་སྟོབས་རྒྱུན་གནས་ཡོང་བའི་ཡིད་ཆེས་ཡོད།
ཕྱི་ལོ་ ༡༩༥༩ ལོར་བོད་མི་འབུམ་ལ་ཉེ་བ་གཞན་ཡུལ་དུ་བཙན་བྱོལ་ལ་གྱར་སྐབས་ས་བབ་གནམ་གཤིས་དང་། སྐད་ཡིག འཚོ་བའི་མདུན་ལམ་བཅས་ཀྱི་དཀའ་ངལ་ཚབས་ཆེ་བྱུང་སྟེ། ཡར་བལྟས་གནམ་དང་མར་བལྟས་ས་ཞེས་པའི་དཔེ་ལྟར་གྲོགས་མེད་གཅིག་པུའི་ངང་ཚུལ་དུ་གྱུར་ཀྱང་། རིང་པོར་མ་ཐོགས་པར་གནས་ཡུལ་རྒྱལ་ཁབ་སོ་སོའི་ནང་གཞིས་ཆགས་དང་། ཆོས་སྡེ། སློབ་གྲྭ་སོགས་རིམ་ཚུགས་ཀྱིས་ད་ཆ་རྒྱ་བལ་འབྲུག་གསུམ་ནང་བོད་མིའི་གཞིས་ཆགས་བསྡོམས་གྲངས་ ༤༩ གདན་ས་ཆེན་པོ་ཁག་གིས་མཚོན་དགོན་པ་དང་བཤད་གྲྭ་བཙུན་དགོན་སྔགས་གྲྭ་བཅས་གྲངས་ ༢༢༣ གནའ་དེང་གི་ཤེས་ཡོན་གཉིས་འཛོམས་ཀྱི་སློབ་གྲྭ་གྲངས་ ༧༧ འཕྲོད་བསྟེན་སྨན་ཁང་ ༥༤ རྒས་གསོ་ཁང་ ༡༤ བཅས་སོ་སོའི་འཚོ་བའི་མདུན་ལམ་དང་མངོན་འདོད་གང་ཡིན་བསྒྲུབ་པའི་ཆ་རྐྱེན་ཚང་འཛོམས་ཡོད་པ་མ་ཟད། ཤར་ནུབ་རྒྱལ་ཁབ་ཁག་ཏུ་སྐུ་ཚབ་དོན་ཁང་གྲངས་ ༡༡ བཅས་ཡོད་ཅིང་། རྒྱལ་ཁབ་གཞན་དུ་ཁ་ཐོར་གནས་འཁོད་བོད་རིགས་རྣམས་ཀྱང་སྤྱི་མཐུན་ཚོགས་པ་སོགས་སྒྲིག་འཛུགས་ཚགས་ཚུད་ཡོད་ཁར་བོད་ཀྱི་རྩ་དོན་ཐོག་ཕྱར་གྲུ་མཉམ་འདེགས་བྱེད་བཞིན་པ་ཡིན། འཛམ་གླིང་ཡུལ་གྲུ་ཀུན་ཏུ་བོད་བརྒྱུད་ནང་བསྟན་ཁྱབ་བརྡལ་ཤུགས་ཆེ་ཕྱིན་ཏེ་ད་ཆ་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བྱ་ཡུལ་ཧ་ཅང་གྲངས་མང་ཡོད་པར་བརྟེན་སྐྱེ་འགྲོ་མང་པོར་འཕྲལ་ཕུགས་ཀྱི་ཕན་བདེ་རླབས་ཆེན་བསྐྲུན་ཐུབ་པའི་ཁར། བོད་དང་བོད་མིར་བརྩེ་གདུང་དང་རྒྱབ་སྐྱོར་བྱེད་མཁན་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཇེ་མང་དུ་འགྲོ་བཞིན་པ་དང་། དེའི་དབང་གིས་མང་གཙོའི་གཞུང་ཁག་གིས་ཀྱང་མང་ཚོགས་ཀྱི་མངོན་འདོད་ལྟར་བོད་དོན་ལ་རྒྱབ་སྐྱོར་མ་བྱས་ཐབས་མེད་གྱུར་པ་བཅས་ལ་བརྟེན་ད་ཆ་རྒྱལ་སྤྱིའི་ནང་བོད་དོན་གྱི་གོ་རྟོགས་དང་རྒྱབ་སྐྱོར་ཚད་གཞི་མཐོ་པོར་སླེབས་ཡོད། འདི་དག་བོད་མིའི་འབད་རྩོལ་རྐྱང་པས་འགྲུབ་ཐབས་མེད་རུང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་འདིས་བོད་མི་རིགས་དང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་དབར་གདུལ་བྱ་འདུལ་བྱེད་ཀྱི་འབྲེལ་བ་ཇི་ཙམ་གཏིང་ཟབ་ཡོད་པ་མཚོན་པ་མ་ཟད། ལྷག་པར་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཡུལ་དུས་དང་འཚམས་པའི་སྐུའི་བཀོད་པས་འཛམ་གླིང་སྐྱེ་རྒུ་ཡོངས་ཀྱི་ཡིད་དབང་མེད་དུ་འཕྲོག་པའི་མཛད་འཕྲིན་སྤྱི་དང་། ཁྱད་པར་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་གདམས་ངག་ཀུན་ཁྱབ་འགན་ཁུར་གྱི་ལམ་བཟང་འགྲོ་བ་ཡོངས་ལ་ལྷུག་པོར་འདོམས་པའི་མཛད་བཟང་ལ་བརྟེན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་ཡུལ་གྲུ་དུ་མའི་གཞུང་དང་། གྲོས་ཚོགས། གཙུག་ལག་སློབ་ཁང་ཁག གྲོང་སྡེ་ལས་ཁུངས་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་སྤྱི་སྒེར་ཡོངས་ཀྱིས་ཆེས་མཐོའི་བྱ་དགའ་གཟེངས་བསྟོད་གྲངས་ལས་འདས་པ་ཞིག་འབུལ་བཞེས་མཛད་པ་དེ་དག་ཀྱང་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེ་དང་། ལྷག་པར་བོད་ཀྱི་རྩ་དོན་ལ་ཕན་རླབས་ཆེན་པོ་བྱུང་དང་ཡོང་བཞིན་པ་རྣམས་སྐབས་འདིར་རྗེས་དྲན་ཞུ་འོས་པ་ཡིན། ལྷག་པར་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་ལམ་དུ་བསྒྱུར་གནང་མཛད་པ་དང་། བོད་མིའི་བདེན་པའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་འབའ་ཞིག་ཏུ་བསྒྱུར་གནང་མཛད་པ་ནི་བོད་དོན་དང་འབྲེལ་བའི་མཛད་རྗེས་འབུར་དུ་དོད་པ་གཉིས་ཡིན་ཞིང་། དེའི་དབང་གིས་འཛམ་གླིང་འདིར་ཆེ་བཙན་དུ་རློམ་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་བོད་དོན་སྣང་མེད་དུ་འཇོག་ཐབས་མ་བྱུང་བ་དང་། འཛམ་གླིང་ཆེ་རྒུ་ཡོངས་ཀྱིས་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་མ་བྱས་མཐུ་མེད་བྱུང་ཡོད། ད་ཆ་བོད་མིའི་ཆབ་སྲིད་ཀྱི་སྒྲོམ་གཞི་ཡང་དག་པའི་མང་གཙོའི་ལམ་སྲོལ་དུ་ཚུད་ཟིན་པར་བརྟེན་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་རིམ་པས་མི་རབས་ནས་མི་རབས་བརྒྱུད་དེ་བོད་དོན་བདེན་མཐའ་མ་གསལ་བར་བོད་མིའི་འཐབ་རྩོད་རྒྱུན་སྐྱོང་བྱ་རྒྱུའི་གཞི་རྩ་བརྟན་པོ་བསྐྲུན་ཟིན་ཅིང་། བཙན་བྱོལ་གཞུང་གི་དཔལ་འབྱོར་ཡོང་ཁུངས་ཀྱང་བཙན་བྱོལ་བོད་མིའི་དྭང་བླང་དཔྱ་ཁྲལ་དང་། གཏན་འཇགས་མ་དངུལ་ཐེབས་རྩ་བཅས་རྒྱུན་དུ་གཞན་བརྟེན་མ་དགོས་པའི་མཐུན་རྐྱེན་རྒྱུན་གནས་ཐུབ་ཙམ་ཡོད། དེ་བཞིན་བོད་རིགས་ན་གཞོན་ཁྲི་ཕྲག་མང་པོར་དེང་རབས་དང་སྲོལ་རྒྱུན་གྱི་ཤེས་ཡོན་གཉིས་འཛོམས་ཀྱི་སློབ་སྦྱོང་གི་གོ་སྐབས་ཐོབ་སྟེ་ད་ཆ་ཡུལ་གྲུ་མང་པོར་སློབ་དཔོན་དང་། འཕྲུལ་ལས་པ། འཛུགས་སྐྲུན་པ། འཛིན་སྐྱོང།བ། ཚོང་ལས་པ། སྨན་པ། སྨན་ཞབས་སོགས་ཁྱད་ལས་པ་བརྒྱ་ཕྲག་མང་པོ་ཐོན་ཡོད་པ་མ་ཟད། འབྱུང་འགྱུར་ཡང་མུ་མཐུད་འཐོན་རྒྱུར་འབད་རྩོལ་སྔར་ལྷག་ཤུགས་སྐྱེད་བྱེད་བཞིན་པར་བརྟེན། ད་ལྟ་བོད་ཀྱི་བདེན་པའི་འཐབ་རྩོད་དང་། འབྱུང་འགྱུར་བོད་གསར་པའི་འཛུགས་སྐྲུན་གཉིས་ཀའི་ཆེད་མིའི་ནུས་ཤུགས་ཀྱི་རྨང་གཞི་བསྐྲུན་གནང་མཛད་ཡོད། གཞན་ཡང་མགོན་པོ་མཆོག་གིས་དེང་རབས་ཀྱི་ཚན་རིག་པ་གྲགས་ཅན་རྣམས་ལ་ཁམས་མོས་དང་འཚམས་པའི་ལམ་སྟོན་རྒྱུན་མར་མཛད་པའི་ཉེར་ལེན་གྱིས་ནང་ཆོས་དང་དེང་རབས་ཚན་རིག་དབར་བློ་བསྐྱེད་སྤེལ་རེས་ཀྱི་བགྲོ་གླེང་ལ་བརྟེན་ནས་ཆོས་དང་ཚན་རིག་གཉིས་གཅིག་ཕན་གཅིག་གྲོགས་སུ་འགྲོ་བའི་གཞི་རྩ་ཞིག་བསྐྲུན་གནང་མཛད་པ་དང་། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་། ཐུན་མིན་ལེགས་བྱང་། དེའི་གཞི་རྩ་སྐད་ཡིག་དང་བཅས་པ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཉེན་ཁར་བརྩིས་ཏེ་རྩ་མེད་དུ་གཏོང་རྒྱུའི་འབད་རྩོལ་ཐབས་བརྒྱ་བྱུས་སྟོང་བྱེད་པའི་སྐབས་འདིར་བོད་མིའི་སྤྱི་ཚོགས་ནང་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་སུ་བོད་ཀྱི་ཆོས་རིག་དང་སྐད་ཡིག་དར་ཁྱབ་དང་ཡར་རྒྱས་རླབས་ཆེན་ཕྱིན་པ་སོགས་གོང་ཞུས་ཀྱི་ངོ་མཚར་དངོས་བྱུང་འདི་དག་ཐམས་ཅད་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་འཕྲིན་ལས་ཁོ་ན་ལས་བྱུང་བ་ཡིན་པས་མགོན་པོ་གང་གི་བཀྲིན་གྱི་ཕུང་པོ་ནི་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བའི་གོ་སྐབས་ག་ལ་མཆིས། འོན་ཀྱང་བོད་མིའི་ཞི་བའི་གྱེན་ལངས་ཀྱི་ལོ་ངོ་ལྔ་བཅུ་འཁོར་བའི་དུས་ཚིགས་འདིའི་གོ་སྐབས་བཟུང་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོར་གུས་ཕྱག་དང་བཅས་ཐུགས་རྗེ་དང་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་མ་ཟད། མཁའ་ཁྱབ་སྐྱེ་འགྲོའི་མགོན་དཔུང་དམ་པར་༸ཞབས་པད་སྲིད་མཐར་བརྟན་པའི་གསོལ་འདེབས་ཀྱང་ཞུ་རྒྱུ་ཡིན། དེ་བཞིན་གཉན་འཕྲང་ཅན་གྱི་དུས་རབས་འདིར་མགོན་པོ་གང་གི་འཕྲིན་ལས་ལས་གྲུབ་པའི་སྲི་ཞུ་བ་བཀའ་དགོངས་དང་མཐུན་པའི་ཞབས་འདེགས་ངལ་བ་ཁྱད་བསད་ཀྱིས་ཞུ་མཁན་རྣམས་ལའང་རྗེས་དྲན་དང་ལེགས་སོ་ཞུ་རྒྱུ་ཡིན། མགོན་པོ་གང་གི་རླབས་ཆེན་གྱི་མཛད་འཕྲིན་འདི་དག་མདོ་ཙམ་རྗེས་དྲན་ཞུས་པ་དང་ཆབས་ཅིག་༸གོང་ས་མཆོག་ནི་བོད་མི་ས་ཡ་དྲུག་གི་བླ་ན་མེད་པའི་དབུ་ཁྲིད་དང་། མགྲིན་ཚབ་མཚོན་ངེས་ཀྱི་འདྲེན་པ་གཅིག་པུ་དེ་ཡིན་པའི་ར་སྤྲོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་བསྐྱར་ནན་གྱིས་བྱེད་ཀྱི་ཡོད། མི་སྤྱོད་ལྟར་ན་མང་ཚོགས་ཀྱི་ངོ་ཚབ་སུས་མཚོན་མིན་མང་ཚོགས་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པ་ལས་བཙན་དབང་གིས་བཀོད་བསྒྲིགས་བྱེད་ཐབས་མེད། བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་ངེས་ཀྱི་དབུ་ཁྲིད་སུ་ཡིན་གཞིས་བཞུགས་བོད་མི་རྣམས་ལ་འཇིགས་ཞུམ་མེད་པར་རང་དབང་གིས་་བརྗོད་བྱ་རྒྱུའི་གོ་སྐབས་ཐོབ་ན་ས་རིས་ཐང་གསལ་ཡོང་རྒྱུ་གདོན་མི་ཟ་ཞིང་། རང་དབང་མེད་བཞིན་དུའང་སྔ་ལོ་ཕྱི་ཟླ་གསུམ་པ་ནས་ད་བར་བོད་ས་ཁྱོན་ཡོངས་སུ་གནས་པའི་བོད་མི་རྣམས་ཀྱིས་གནས་ལུགས་གསལ་སྟོན་བྱས་ཟིན་ཡང་། རྒྱ་གཞུང་གི་དབུ་ཁྲིད་ཚོས་མ་མཐོང་མ་ཐོས་པ་ལྟ་བུའི་རི་བོང་རྡོ་བརྫུས་དང་ ། ལྐུགས་པའི་ཨུ་ཚུགས་དེས་མང་ཚོགས་མགོ་སྐོར་གཏོང་མི་ཐུབ།
འདས་པའི་ལོ་ཤས་ནང་༸གོང་ས་མཆོག་ལ་གཞི་མེད་ཀྱི་མཚན་སྨོད་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ། རྡུང་རྡེག་ཚ་ནན་སོགས་དྲག་སྤྱོད་སྣ་ཚོགས་ཀྱིས་བོད་མི་སྤྱི་དང་། ཁྱད་པར་གྲྭ་བཙུན་ལ་བསུན་གཙེར་ཅི་ཆེ་བཟོ་བཞིན་ཁར། འདི་ལོ་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་བཀྲོལ་ཐོབ་པའི་ཉིན་མོར་བསྲུང་བརྩི་བྱ་རྒྱུ་སོགས་བོད་མིའི་སེམས་ལ་གནོད་གཞིའི་རྨ་ཐོག་ཚྭ་འདེབས་ལྟ་བུའི་ལས་དོན་མང་པོ་ཞིག་བྱས་དང་བྱེད་བཞིན་པ་དེ་ཚོ་ནི་རང་དོན་འབའ་ཞིག་གཉེར་བའི་མི་རེ་ཟུང་གི་ཁེ་ཕན་ཆེད་བོད་དུ་བརྟན་ལྷིང་མི་ཡོང་བ་དང་། ངོ་རྒོལ་ཟིང་འཁྲུག་སློང་ཐབས་སུ་དམིགས་པ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། མང་ཚོགས་བཟོད་བསྲན་མ་ཐུབ་པར་ཞི་བའི་ངོ་རྒོལ་བྱུང་ན་ཚད་མེད་དྲག་གནོན་གྱི་ཁག་དཀྲི་བྱ་ཡུལ་ཞིག་ཡོང་རེ་བྱས་པ་མཐོང་ཐུབ། དངོས་དོན་དུ་དུས་རབས་ཉི་ཤུ་པའི་དཀྱིལ་སྟོད་བར་བོད་དང་རྒྱ་ནག་གི་ཞིང་པ་རྣམས་ཀྱི་དབར་ཁྱད་པར་ཆེན་པོ་མེད་ཁར། བོད་རིགས་ཞིང་པ་རྣམས་རང་དབང་ཆེ་ཞིང་འཚོ་ཐབས་བཟང་བ་ཡོད། ཆ་རྒྱུས་མེད་པའི་རྒྱལ་སྤྱིའི་མང་ཚོགས་ལ་བོད་ཀྱི་སྤྱི་ཚོགས་རྙིང་པའི་སྐོར་དུས་རབས་བར་མའི་རྒྱ་ནག་དང་ནུབ་གླིང་ཡུལ་གྲུ་ཁག་གི་ཞིང་བྲན་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་གནས་བབ་དང་གཅིག་མཚུངས་ཡིན་ཚུལ་དྲིལ་བསྒྲགས་བྱེད་པ་ནི་ཧམ་རྫུན་ཆེན་པོ་རེད། བཟོ་ཞིང་འབྲོག་གསུམ་གྱི་འཚོ་ཐབས་བསྟེན་པའི་བོད་མི་རྣམས་ཁྲིམས་མཐུན་གྱི་ཁྲལ་དང་འུ་ལག་ཙམ་ལས་འོས་འཚམས་མིན་པའི་བཙན་གནོན་ཅི་ཡང་མེད་པ་མ་ཟད། མཐའ་གཉིས་སུ་མ་ལྷུང་བའི་རྒྱུན་གནས་ཐུབ་པའི་འཚོ་ཐབས་ཡོད་པ་དང་། ལྷག་པར་བོད་ཀྱི་ཞིང་པ་རྣམས་ནི་གཞུང་སྒེར་ཆོས་གསུམ་གང་རུང་དུ་གཏོགས་པ་དང་། དེ་དག་གིས་སོ་སོའི་ཞིང་པ་རྣམས་ཀྱི་ཁེ་ཕན་སྲུང་སྐྱོབ་གང་ལེགས་བྱེད་ཀྱི་ཡོད་ཅིང་། བོད་སྲིད་པ་ཆགས་པ་ནས་ཕྱི་ལོ་ ༡༩༥༩ བར་བོད་ཀྱི་ཞིང་པ་རྣམས་རང་དབང་བྲལ་ཞིང་འཇིགས་དངངས་ཀྱི་འོག་གནས་དགོས་པའི་དུས་སྐབས་བྱུང་མེད་ལ། འཚོ་བས་ཕོངས་པའི་མུ་གེའང་བྱུང་རབས་མེད། བཙན་བྱོལ་བོད་མི་སྤྱི་དང་། ལྷག་པར་འདས་པའི་ལོ་བཅུ་ཕྲག་གཉིས་ཙམ་གྱི་ནང་སྲོག་ཉེན་ལ་མ་འཛེམས་པར་བཙན་བྱོལ་ཡོང་མཁན་མང་ཤོས་ཞིང་འབྲོག་དང་བཟོ་ཚོང་ལས་མི་དཀྱུས་མའི་གྲས་ནས་ཡིན་པ་ལས། མངའ་བདག་གྲལ་རིམ་ཟེར་བ་ནས་ཡོང་མཁན་དཀོན། སྔ་ལོ་བོད་ས་ཡོངས་སུ་ཁྱབ་པའི་ཞི་རྒོལ་གྱི་ནང་ཞུགས་མཁན་ཡང་ཞིང་འབྲོག་གི་མི་མང་དཀྱུས་མ་ལས་མངའ་བདག་གྲལ་རིམ་གྱི་རྒྱུད་པ་ཧ་ལམ་མཐོང་རྒྱུ་མེད། གལ་སྲིད་བོད་ཀྱི་ཞིང་བྲན་རྣམས་བཅིངས་བཀྲོལ་ཐོབ་སྟེ་དགའ་བདེའི་འཚོ་བར་རོལ་བཞིན་པ་དང་། དེའི་དུས་ཚིགས་རྗེས་དྲན་བྱ་འོས་པ་ཞིག་ཡོད་ན་བཙན་བྱོལ་དུ་ཡོང་མཁན་དང་། གྱེན་ལངས་བྱེད་མཁན་ཚོའི་ནང་ཞིང་འབྲོག་གི་མི་མང་ཡོང་དགོས་པའི་རྒྱུ་མཚན་གང་ཡིན་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་རེད། ང་ཚོས་བོད་ཀྱི་ཆོས་རིག་གི་སྲོལ་རྒྱུན་འཇིག་རྟེན་ཡོངས་ལ་ཕན་བདེ་སྱིན་ནུས་དེ་དག་རྒྱུན་འཛིན་ཁྱབ་སྤེལ་བྱེད་པ་མ་གཏོགས། སྤྱི་ཚོགས་རྙིང་པའི་སྲོལ་རྒྱུན་ཡོད་དོ་ཅོག་ཡག་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་ལ། དུས་དང་མི་འཚམས་པའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལམ་སྲོལ་རྙིང་པ་རྣམས་བསྐྱར་གསོ་བྱེད་རྒྱུ་ཕར་ཞོག བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མཐོང་ཐོས་མེད་པར་གྱུར་ནས་ལོ་གྲངས་མང་པོ་འདས་ཟིན། རྒྱ་ཕྱོགས་ནས་འཁྱོགས་བཤད་དྲིལ་བསྒྲགས་ཀྱི་ཆ་ཤས་སུ་བོད་ཀྱི་སྤྱི་ཚོགས་རྙིང་པའི་བཙོན་ཁང་དང་ཁྲིམས་ཆས་སོགས་ཀྱི་འདྲ་དཔར་འགྲེམས་སྟོན་བྱེད་ཀྱི་ཡོད་ཀྱང་། དངོས་དོན་དུ་ཁྱེད་ཚོས་དྲིལ་བསྒྲགས་བྱེད་རྒྱུའི་ལྷ་སའི་སྣང་ཤར་བཙོན་ཁང་གི་རྒྱ་ཁྱོན་བཙོན་པ་བཅུ་ཕྲག་ཁ་ཤས་ལས་ཤོང་ཡུལ་མེད་ཅིང་། ༡༩༥༩ གོང་བོད་ས་ཡོངས་ཀྱི་བཙོན་པ་ཁྱོན་བསྡོམས་ཀྱང་བརྒྱ་ཕྲག་བརྒལ་བ་བྱུང་རབས་དཀོན། བཅིངས་བཀྲོལ་ཐོབ་ཟིན་རྗེས་བོད་ས་ཡོངས་སུ་བཙོན་ཁང་གིས་ཁྱབ་པ་དང་། ལྷ་ས་རྐྱང་པའི་བཙོན་ཁང་གི་རྒྱ་ཁྱོན་དང་བཙོན་པའི་གྲངས་འབོར་འཇིག་རྟེན་ཡོངས་ཀྱིས་ཤེས་གསལ་དེ་དག་ལ་གཞིགས་ན་ཆེས་མུན་ནག་དང་ཆེས་གདུག་རྩབ་ཀྱི་དུས་རབས་ནམ་ཡིན་དངོས་གསལ་དོད་པོ་རེད། རྫུན་གཅིག་ཐེངས་བརྒྱ་བཤད་ན་བདེན་པར་འགྱུར་འགྲོ་བའི་ལྟ་གྲུབ་དེ་གནས་འཕྲིན་གྱི་གསར་བརྗེ་བྱུང་ཟིན་པའི་དུས་རབས་ཉེར་གཅིག་པའི་ནང་གནས་མི་ཐུབ།
༧སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོས་ཟབ་ཡངས་དཀྱེལ་ཆེའི་དགོངས་བཞེས་ཀྱིས་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུའི་འགོ་སྟོད་ཙམ་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཕྱག་བཞེས་སུ་བསྟར་ཏེ་བོད་རྒྱ་མི་རིགས་ཁ་བྲལ་མ་དགོས་པར་བོད་མིའི་མ་འོངས་པའི་མདུན་ལམ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བཙལ་རྒྱུའི་དགོངས་བཞེས་ལ་སྐབས་དེའི་སྤྱི་འཐུས་དང་བཀའ་ཤག་སོགས་འབྲེལ་ཡོད་ཚང་མས་བསམ་ཞིབ་གྲོས་མོལ་གཏིང་ཟབ་ཀྱི་སྒོ་ནས་གཏན་འབེབས་བྱས་ཡོད་པ་ལྟར། ཕྱི་ལོ་ ༡༩༧༩ ལོར་སྐུ་གཤེགས་ཏིང་ཞེའོ་ཕིང་གིས་བོད་རང་བཙན་མ་རྩོད་ན་གནས་ཚུལ་གཞན་ཡོངས་རྫོགས་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཆོག་པའི་གྲོས་འགོ་བཏོན་སྐབས་རང་ཕྱོགས་ནས་ལན་འདེབས་གནང་ཆོག་ཡོད་པ་བཞིན་བོད་རྒྱའི་འབྲེལ་ལམ་གྱི་སྒོ་ཕྱེ་བ་ནས་བཟུང་འབྲེལ་མོལ་ དང་ལྟ་སྐོར་ལན་མང་བྱས་ཀྱང་དོན་དམ་གྱི་གྲུབ་འབྲས་མ་ཐོན། ཕྱི་ལོ་ ༢༠༠༢ ལོར་ལོ་བརྒྱད་ལྷག་བར་མཚམས་ཆད་པའི་འབྲེལ་མོལ་བསྐྱར་མཐུད་བྱུང་བ་ནས་བཟུང་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་བཟུང་ནས་འབྲེལ་མོལ་ཐེངས་བརྒྱད་དང་། ནང་ལུགས་ཀྱི་འབྲེལ་མོལ་ཐེངས་གཅིག་བཅས་བྱས་ཡོད། འབྲེལ་མོལ་དེ་དག་གིས་ཕྱོགས་གཉིས་ཀའི་དོགས་པ་རྣམ་རྟོག་སེལ་རྒྱུ་དང་བསམ་ཚུལ་གོ་རྟོགས་ཡོང་རྒྱུ་བཅས་ལ་ཕན་ཐོགས་བྱུང་བ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་མའི་ལམ་གྱི་དགོངས་གཞི་ཇི་ཡིན་འགྲེལ་བརྗོད་གསལ་ནན་བྱེད་རྒྱུའི་གོ་སྐབས་བྱུང་། རྒྱ་གཞུང་གི་བསམ་ཚུལ་དང་དཀའ་ངལ་རིགས་ཤེས་ཚོར་བྱུང་བ་གཞིར་བཟུང་སི་ཏྲས་སི་སྦག་གི་གསུང་བཤད་དུ་གསལ་བའི་དགོས་འདུན་རེ་ཟུང་ད་དུང་གུ་བཤངས་བྱས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་གཞིར་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གསར་པ་ཞིག་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ཕྱོགས་ནས་དགོས་འདུན་བཏོན་པ་གཞིར་བཟུང་ ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་གཞུང་ལ་སྤྲད་ཟིན་པ་ད་ཆ་ཕྱོགས་གཉིས་ཀས་རྒྱལ་སྤྱིའི་ནང་ཡོངས་གྲགས་བྱས་ཡོད། ཡིག་ཆ་དེ་ནི་བོད་ཕྱོགས་ནས་བསམ་ཞིབ་གུ་བཤངས་ཆ་ཚང་ཟིན་པའི་མཐའ་མའི་དགོས་འདུན་དེ་ཡིན་ཞིང་། དེའི་ནང་གསལ་བའི་དགོས་འདུན་ཁག་ནས་ཆ་ཤས་ཙམ་ཡང་གུ་བཤངས་བྱེད་ཐབས་མེད་ལ་བྱེད་དགོས་ཀྱང་མེད། གང་ཡིན་ཟེར་ན། དེའི་དོན་ཚན་ཁག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྩ་འཛིན་བྱེད་བཞིན་པའི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཉིས་ཀྱི་དོན་ཚན་ཁག་ཇི་མ་ཇི་བཞིན་ནག་པོ་འབྲུ་བཤེར་གྱིས་བཀོད་པ་ཞིག་ལས་ཁྲིམས་ཀྱི་དོན་སྙིང་ལས་བརྒལ་བའི་དགོས་འདུན་ཚིག་གཅིག་མེད། རྒྱ་ཕྱོགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བསྲུང་བརྩི་མ་བྱེད་པར་ཁྲིམས་མེད་ལུང་མེད་ཀྱི་ལངས་ཕྱོགས་ཤིག་བཟུང་ན་བྱེད་ཐབས་བྲལ་ཡང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་གཞུང་དེ་རྩ་ཁྲིམས་དང་ཁྲིམས་ལུགས་ལ་བརྩི་བཀུར་བྱེད་མཁན་ཞིག་ཡིན་ན་ངེས་པར་ངོས་ལེན་བྱེད་དགོས། ང་ཚོས་སྤྲད་པའི་ཡིག་ཆ་ལ་ཁྲིམས་ལུགས་དང་རྒྱུ་མཚན་གྱི་ལམ་ནས་ལན་འདེབས་བྱེད་རྒྱུ་མེད་པར། དེ་ནི་ཕྱེད་རང་བཙན་དང་། རྣམ་པར་འགྱུར་བའི་རང་བཙན། ཡང་ན་མངོན་པར་མི་གསལ་བའི་རང་བཙན་གྱི་དགོས་འདུན་ཡིན་ཚུལ་བརྗོད་པ་ནི་འདྲེ་ཤར་སྒོ་ལ་གླུད་ནུབ་སྒོའི་དཔེ་ལྟར་ཟེར་རྒྱུས་ཕོངས་པ་ཙམ་ལས་ཤེས་པ་རྣལ་དུ་གནས་པའི་གཏམ་ཞིག་མིན་པ་སུས་ཀྱང་རྟོགས་ཐུབ།
སྔ་ལོ་བོད་དུ་དུས་འགྱུར་རླབས་ཆེ་བྱུང་བ་དང་། བོད་རྒྱའི་འབྲེལ་མོལ་གྱི་ལས་རིམ་ལ་དོན་དམ་གྱི་གྲུབ་འབྲས་མ་བྱུང་སྟབས། འབྱུང་འགྱུར་གྱི་ལངས་ཕྱོགས་དང་ཐབས་ལམ་ཇི་དགེའི་སྐོར་མང་གཙོའི་ལམ་སྲོལ་གཞིར་བཟུང་མང་ཚོགས་ལ་བསྐྱར་དུ་གོ་བསྡུར་གནང་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་སྔ་ལོ་ཕྱི་ཟླ་ ༡༡ ནང་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་མཛད་པ་ལྟར་བཙན་བྱོལ་བོད་མིའི་གཞི་རིམ་མང་ཚོགས་ཀྱི་སྐུ་ཚབ་མཚོན་ངེས་ཀྱི་ཚོགས་འཐུས་ ༦༠༠ ཙམ་ཆེད་འཛོམས་ཀྱིས་ཉིན་དྲུག་རིང་བགྲོ་གླེང་གྲོས་མོལ་མཐིལ་ཕྱིན་གནང་བ་དང་། གཞིས་བཞུགས་བོད་མི་རྣམས་ནས་ཀྱང་ཐབས་ལམ་སྣ་ཚོགས་བརྒྱུད་དགོངས་འཆར་གང་ཐུབ་བསྡུ་རུབ་བྱས་ཤིང་། བཙན་བྱོལ་བོད་མིའི་འདུས་སྡོད་ཁག་ནས་ཀྱང་དགོངས་འཆར་ཡིག་ཐོག་ཏུ་བྱུང་བ་བཅས་མང་ཚོགས་ཀྱི་དགོངས་འཆར་ཁག་ཕྱོགས་བསྡོམས་སྐབས་བརྒྱ་ཆ་བརྒྱད་ཅུ་ལས་མི་ཉུང་བ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་མཐུན་རྒྱབ་སྐྱོར་དང་། དེ་མཚུངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ཀྱང་མང་མོས་ཀྱི་རྒྱབ་སྐྱོར་བྱུང་བ་བཅས་ད་ཆ་དབུ་མའི་ལམ་གྱི་སྲིད་བྱུས་གདེང་སྤོབས་ཆེན་པོས་རྒྱུན་སྐྱོང་བྱེད་རྒྱུར་མང་ཚོགས་ཀྱི་བཀའ་ལུང་གསལ་པོ་ཐོབ་ཡོད། དེར་བརྟེན་རྒྱ་གཞུང་ལ་སྤྲད་ཟིན་པའི་བསམ་འཆར་ཡིག་ཆའི་ཐོག་མུ་མཐུད་འབྲེལ་མོལ་དང་ཞི་མོལ་བྱ་རྒྱུར་གྲ་སྒྲིག་ཡིན། རྒྱ་ཕྱོགས་ནས་བརྡ་ལན་ནམ་བྱུང་མཚམས་ང་ཚོའི་ངོས་ནས་བསམ་འཆར་ཡིག་ཆའི་ཐོག་གསལ་བཤད་བྱ་དགོས་བྱས་ཏེ་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཡོང་རྒྱུའི་འབད་རྩོལ་དང་འབྲེལ་མོལ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། འབྲེལ་མོལ་མུ་མཐུད་ཡོང་མིན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱེད་ཕྱོགས་ཁོ་ནར་རག་ལུས་པ་ལས་ང་ཚོར་འགན་འཁྲི་ཅི་ཡང་མེད། དེ་བཞིན་རྒྱ་ནག་གི་མི་མང་རྣམས་རྒྱ་གཞུང་གི་ལོག་པའི་དྲིལ་བསྒྲགས་ལ་དབུ་མི་འཁོར་བར་བོད་ཀྱི་གནད་དོན་གསལ་རྟོགས་ཡོང་ཆེད་མང་ཚོགས་ལ་ཐད་ཀར་འབྲེལ་བ་བྱ་རྒྱུའི་ལས་རིམ་སྔར་ཡོད་གོང་མཐོར་སྤེལ་རྒྱུ་ཡིན།
འདས་པའི་ཟླ་ཤས་ནང་བོད་ས་ཡོངས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་བཙན་གནོན་གྱི་བྱེད་ཕྱོགས་ལ་གཞིགས་ན་བོད་མིར་བཟོད་དཀའི་དཀའ་ངལ་དང་། དེ་ལ་བརྟེན་ནས་ངོ་རྒོལ་མི་བྱེད་ཐབས་མེད་ཀྱི་གནས་ཚུལ་ཡོང་སྲིད་པར་བློ་དྭོགས་སེམས་འཚབ་ཀྱིས་བཀའ་ཤག་གིས་ཉེ་སྔོན་ ༢༠༠༩ ཕྱི་ཟླ་ ༡ ཚེས་ ༢༩ དང་ཕྱི་ཟླ་ ༢ ཚེས་ ༢༡ སོ་སོར་རྒྱལ་སྤྱི་དང་། རྒྱ་ནག་གི་དབང་འཛིན་པ། གཞིས་བྱེས་བོད་རིགས་བཅས་ལ་ཞི་འཇམ་བརྟན་ལྷིང་གནས་ཐབས་དགོས་པའི་འབོད་སྐུལ་སྔ་རྗེས་ཞུས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་བོད་ས་གླང་གནམ་ལོ་གསར་ཚེས་ཀྱི་ཉིན་གཞིས་བྱེས་བོད་མིར་བསྩལ་བའི་གསུང་འཕྲིན་དུའང་གསལ་བ་བཞིན། བོད་རིགས་ཡོངས་ལ་བཟོད་བསྲན་ཆེན་པོས་ཞི་འཇམ་བརྟན་ལྷིང་གནས་དགོས་པའི་འབོད་སྐུལ་བསྐྱར་ནན་དང་། རྒྱ་ནག་གི་དབང་འཛིན་པ་ཚོར་ཡང་བོད་མིར་དོན་མེད་བསུན་གཙེར་མནར་གཅོད་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་པོ་བྱེད་ཀྱི་ཡོད། དེ་བཞིན་རྒྱལ་སྤྱིའི་མང་ཚོགས་ལའང་བོད་ནང་ཡོད་པའི་ཛ་དྲག་གི་གནས་ཚུལ་ལ་ཐུགས་སྣང་གིས་རྒྱ་མིའི་དབང་འཛིན་པ་ཚོར་གོ་བསྐོན་གྲོས་འདེབས་གཟབ་ནན་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན།
༸གོང་ས་མཆོག་གིས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་དགོས་པའི་ལམ་སྟོན་ལྟར་འདས་པའི་ལོ་ལྔ་བཅུའི་སྐྱིད་སྡུག་ལས་ཉམས་མྱོང་བླངས་ཏེ་གཞིས་བྱེས་བོད་མི་ཡོངས་ཀྱིས་ཆོད་སེམས་བརྟན་པོས་བོད་དོན་བདེན་མཐའ་མ་གསལ་བར་འཚེ་མེད་ཞི་བའི་ལམ་ནས་འབད་རྩོལ་དང་སྒྲུབ་པ་མུ་མཐུད་བྱ་རྒྱུའི་འཆར་གཞི་དམིགས་འོག་ཏུ་ཚུད་པའི་གོ་སྒྲིག་ཀྱང་གནང་དགོས།
གོ་སྐབས་འདི་བཟུང་སྟེ་རྒྱ་གར་གཞུང་མང་གིས་མཚོན་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་མང་རྣམས་ལ་བཀའ་དྲིན་རྗེས་དྲན་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་བཞེད་དགོངས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་དགའ་སྟོན་ལ་རོལ་བའིི་སྨོན་འདུན་བཅས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༡༠ ལ།། །།