༢༠༡༦ ཟླ་ ༥ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྦིར་ཁུལ་རྗེས་འབྱོར་བོད་མི་རྣམས་ལ་སྡོད་ཁང་དཀའ་སེལ་སླད་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་འགན་ཁུར་རྐང་བཞེས་ཀྱིས་ནེ་དར་ལེན་ཌིར་རྟེན་གཞི་བྱས་པའི་འགྲོ་བ་མི་བདེ་རྩ་ཚོགས་པའི་ཨི་སི་ཨེཇ་ E.C.H Eversdijk Smulders Stiching རོགས་ཚོགས་དང་། སྒྲོལ་མ་ཐེབས་རྩ་ཁང་གཉིས་ཀྱིས་མཐུན་འགྱུར་རོགས་རམ་འོག་ལི་ལི་བོད་མིའི་གྲོང་སྡེ་གསར་པ་ཞེས་སྡོད་ཁང་གྲངས་ ༧༤ གསར་རྒྱག་ལས་གཞི་ལེགས་གྲུབ་ཀྱིས་དབུ་འབྱེད་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ཁག་གཅིག རི་མགོ་མཆོག་སྤྲུལ་རིན་པོ་ཆེ་མཆོག
ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས། སྦིར་སྡེ་ཁག་གསུམ་གྱི་ས་འཐུས་ཚོགས་གཙོ་རྣམ་པ་དང་ས་གནས་འགོ་འཛིན་རྣམ་པ། དགོན་སྡེ་དང་སློབ་གྲྭ་ཁག་གི་སྐུ་ཚབ། བོད་འབྱོར་སྐྱིད་སྡུག་གི་འཐུས་མི། སྡོད་ཁང་ཐོབ་མི་རྣམས། གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར།
ནང་སྲིད་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ཀྱིས་སྲིད་སྐྱོང་མཆོག་ལ་དབུ་འབྱེད་མཛད་སྒོར་སྣེ་ལེན་ཞུས། དེ་ནས་སྐུ་མགྲོན་གཅོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལི་ལི་བོད་མིའི་གྲོང་སྡེ་གསར་པ་དབུ་འབྱེད་གནང་རྗེས་སྡོད་ཁང་ཁག་ལ་གཟིགས་ཞིབ་གནང་།
དེ་ནས་སྣང་གསལ་ཞལ་ཕྱེ་དང་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས། དེ་རྗེས་སྐུ་མགྲོན་རྣམ་པ་དང་མང་ཚོགས་ལ་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་འབྲས་སིལ་ཕུལ་གྲུབ་བསྟུན། ནང་སྲིད་བཀའ་བློན་མཆོག་གིས་སྦིར་ལི་ལི་བོད་མིའི་གྲོང་སྡེ་གསར་རྒྱག་གི་ལས་གཞི་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་དོན།
དེ་རིང་ང་རང་སྒེར་དང་། ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེས་གཙོས་འབྲེལ་ཡོད་ལས་བྱེད་ཚང་མས་དགའ་སྤོབས་ཆེན་པོ་བྱེད་འོས་པའི་ཉིན་མོ་ཞིག་ཆགས་ཡོད། རིང་ལུགས་ཇི་འདྲ་ཞིག་དང་། དབུལ་ཕྱུག་སུ་འདྲ་ཞིག་ཡིན་རུང་གཞི་རྩའི་དགོས་མཁོ་ནི་ཟས་གོས་གནས་ཁང་ཡིན་པ་ང་ཚོ་ཚང་མ་ཆུང་དུས་སློབ་གྲྭའི་སྐབས་ནས་ཤེས་རྟོགས་བྱུང་ཡོད། སྤྱིར་རྒྱལ་སྤྱིའི་ཁྱོན་དུ་དབུལ་ཕོངས་རྣམས་ལ་སྡོད་ཁང་གི་རོགས་རམ་གནང་སྲོལ་ཡོད་པ་ལྟར་རྒྱ་གར་ནང་ལ་མཚོན་ན། ཨིན་དི་ར་གྷན་དི་དང་རཱ་ཇིབ་གྷན་དི་ལས་གཞི་ Indira Gandhi Yojna & Rajiv Gandhi Yojna སོགས་ཡོད།
ལས་གཞི་དེ་དག་ནང་གྲོང་གསེབ་ཁུལ་གྱི་ཉམ་ཐག་རྣམས་ལ་སྡོད་ཁང་སྐྲུན་ཆེད་གཞུང་གིས་མཐུན་འགྱུར་གནང་ཕྱོགས། ཕྱོགས་མཚུངས་གྲོང་ཁྱེར་ཁུལ་དུ་ཉམ་ཐག་རྣམས་ལ་རྒྱ་གར་སྲིད་བློན་གྱི་མཚན་ཐོག་ནས་འཆར་གཞི་ལྡན་པའི་ཐོག་ནས་ལས་འཆར་སྤེལ་བཞིན་ཡོད། གཞན་ཡང་མངའ་སྡེ་སོ་སོའི་ཐོག་ནས་ཡིན་ནའང་མི་མང་གི་སྡོད་ཁང་། ཞེས་མིང་བཏགས་པར་བརྟེན་མི་མང་དཀྱུས་མའི་སྡོད་ཁང་ཞིག་ཆགས་ཡོད། དེ་ལ་སོགས་པའི་ལས་གཞི་མང་པོ་ཞིག་སྐྲུན་ཡོད། ང་ཚོ་བོད་མི་བཙན་བྱོལ་བར་མཚོན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་དབུ་ཁྲིད་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་ལ་འབྱོར་མ་ཐག་པ་རེད་ཅེས་བརྗོད་ནའང་ཆོག སྐབས་དེར་གཙོ་བོ་རྒྱ་བལ་འབྲུག་གསུམ་ནང་དང་ཡང་སྒོས་ལྷག་པར་ཅན་དུ་རྒྱ་གར་ནང་དུ་གཞིས་ཁག་ཁག་སོགས་སྐྲུན་གནང་མཛད་ཐུབ་པ་ནི་རླབས་ཆེན་གྱི་མཛད་པའི་ནང་ནས་རླབས་ཆེན་ཞིག་ཆགས་ཡོད།
དེར་བརྟེན་ང་ཚོ་བཙན་བྱོལ་དུ་མི་ལོ་ ༦༠ ཙམ་སོང་བའི་རིང་གཞིས་ཁག་ནང་དཀའ་ལས་རྒྱག་མཁན་བོད་མི་མི་རབས་རྒན་པ་རྣམས་དང་། ཕྱོགས་མཚུངས་འདི་ག་སྦིར་ཁུལ་གྱི་གཞིས་ཆག་ཁག་ནང་སྐབས་དེ་དུས་འགན་འཁྱེར་མཁན་སྐྱབས་རྗེ་མཆོག་གླིང་རིན་པོ་ཆེ་མཆོག་སོགས་ཀྱིས་སྐབས་དེ་དུས་ཐུགས་འགན་བཞེས་ནས་དཀའ་ལས་ཧ་ཅང་བརྒྱབ་ཡོད། དེར་བརྟེན་དེ་རིང་ཉིན་མོ་འདིར་ང་ཚོས་ཁོང་རྣམས་དྲན་གསོ་ཞུ་དགོས། དེའི་ཚེ་དུས་དུས་ཀྱི་གནས་སྟངས་ལ་དཔག་ན་ཁོང་རྣམས་ཀྱིས་ལས་དོན་ལ་གྲུབ་འབྲས་འདི་ལྟ་བུ་ཞིག་ང་ཚོ་ཡིན་ན་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཡོད། སྤྱིར་ད་ལྟའི་འཆར་བོད་མི་བཙན་བྱོལ་བ་ཕལ་མོ་ཆེ་གནས་སྟངས་འགྲིག་ཙམ་ཡོད་ཀྱང་ད་དུང་འགའ་རེའི་གནས་སྟངས་དཀའ་ངལ་འོག་ཡོད། ལྷག་པར་དུ་བོད་ནས་གསར་དུ་འབྱོར་བའི་བོད་རིགས་སྤུན་ཟླ་རྣམས་ལ་གཞི་རྩའི་ད་བར་གཞུང་གིས་གཟིགས་རྟོག་གནང་ཡོད།
འོན་ཀྱང་ཆེད་མངགས་བོད་འབྱོར་རང་གི་བདེ་སྡུག་ལ་དམིགས་ནས་ལས་གཞི་སྤེལ་བ་ནི་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་འདིའི་ཐོག་བྱུང་ཡོད། དེ་སྔ་བཀའ་ཤག་གིས་ཐུགས་འཁུར་མེད་པ་མ་རེད། འོན་ཀྱང་སྲིད་བྱུས་ཤིག་གི་འོག་ནས་གཞིས་ཆགས་གསར་པ་སྐྲུན་རྒྱུ་མིན་པའི་བཞེངས་ཕྱོགས་གཅིག་བཟུང་བ་དེ་གསལ་པོ་རེད། ང་ཚོ་ཐོག་མར་སྦིར་ཁུལ་ལ་ཡོད་པའི་ས་གནས་འགོ་འཛིན་གསུམ་ལ་འགན་བཀུར་ནས་ས་ཆ་སྤུས་གཟིགས་ཇི་ལྟར་གནང་དགོས་མིན་འབོད་སྐུལ་ཞུས་པ་ཡིན། མཐར་ང་ཚོས་བསམས་པ་ལས་ལྷག་ས་ཆ་ཞིག་ཐོབ་པ་རེད། སྐབས་དེར་དངུལ་གྱི་དཀའ་ངལ་ཡོད་སྟབས་བཀའ་ཤག་ནས་དམིགས་བསལ་དགོངས་བཞེས་གནང་ནས་བཀའ་ཤག་ནས་ཧིན་སྒོར་འབུམ་བརྒྱ་དང་ནང་སྲིད་ནས་ཧིན་སྒོར་འབུམ་ ༢༥ བཅས་ཀྱིས་ས་ཆ་ཞིག་ཉོ་ཐུབ་པ་རེད།
སྐབས་དེར་ཁང་པ་རྒྱག་ཐུབ་རྒྱུ་རེད་བསམས་པའི་གདེང་ཚོད་དེ་ཙམ་མེད། འོན་ཀྱང་རོགས་ཚོགས་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་དེ་རིང་ལས་གཞི་འདི་བསྒྲུབས་པ་རེད། རོགས་ཚོགས་ཀྱི་ཚོགས་མི་རྣམས་དེ་སྔ་ཁྱེད་རྣམས་དང་མཇལ་ཡོད། ཧོལ་ལེན་ཌི་ནས་རེད། གཞིས་ཆགས་འདིའི་ཁང་པ་རེ་རེའི་འགྲོ་གྲོན་ལ་རོབ་བརྩིས་བྱས་ན་འབུམ་ ༩ མ་ཟིན་ཙམ་གནས་ཡོད། ཁྱོན་འབུམ་ ༧༠༠ འགྲོ་གྲོན་ཕྱིན་ཡོད། དེ་ཡང་སྐབས་ཤིག་ལ་དངུལ་འདང་མིན་གྱི་དཀའ་ངལ་ཡང་འཕྲད་བྱུང་། འོན་ཀྱང་ཁྱེད་ཚོ་བོད་འབྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་ས་གནས་སུ་སྦྱིན་བདག་ཕེབས་སྐབས་སླར་ཡང་འབོད་སྐུལ་ཞུས་སྟབས་འགྲོ་གྲོན་ཡོངས་རྫོགས་ནར་གཏོང་གནང་རྒྱུའི་ཁས་ལེན་གནང་ཡོད། ཅེས་སོགས་ཀྱི་གསུངས་བཤད་གནང་རྗེས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བསྟུན། ནང་སྲིད་བཀའ་བློན་མཆོག་གིས་བོད་འབྱོར་སྐྱིད་སྡུག་གི་འཐུས་མི་བརྒྱུད་སྡོད་ཁང་གི་ལྡི་མིག་རྩིས་སྤྲོད་གནང་རྗེས། ནང་སྲིད་དྲུང་ཆེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་མཇུག་སྒྲིལ་ཡོད་པ་བཅས།།