༢༠༡༦ ཟླ་ ༥ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་ཉི་ཧོང་དང་། ཐེ་ཝན། སོག་པོ། སིན་གྷ་པུར། ཀོ་རི་ཡ་སོགས་ཀྱི་དད་ལྡན་ཆོས་ཞུ་བ་ ༢༧༠༠ ཙམ་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་ཉིན་གཉིས་པ་དབུ་འཛུགས་མ་མཛད་གོང་བཀའ་སློབ་སྩལ་དོན།
དེ་རིང་སྔོན་ལ་ངོས་ནས་སྤྱི་བཤད་ལྟ་བུ་ཕྲན་བུ་ཞུ་འདོད་བྱུང་། ལོ་ ༢༦༠༠ གོང་ལ་བྱུང་བའི་སྟོན་པ་ཤཱཀྱའི་རྒྱལ་པོ་ཤཱཀྱ་སེང་གེ་བྱུང་བ་ལོ་རྒྱུས་ནང་གསལ་ཡོད། ཚང་མས་མཐུན་སྣང་ཏུ་གྲུབ་པའི་བཟོ་འདྲ་བོ་རེད། འོན་ཀྱང་དུས་ཚིགས་ག་དུས་བྱུང་མིན་མི་མཐུན་པ་ཕྲན་བུ་ཡོང་གི་ཡོད་པ་མ་གཏོགས་གཞན་དེ་ལྟ་བུའི་སྐྱེས་བུ་དམ་པ་ཁྱད་པར་ཅན་ཞིག་བྱུང་བ་ཚང་མར་ཡོངས་གྲགས་ཆགས་ཡོད། བཅོམ་ལྡན་འདས་སྐུ་ཚེ་དེ་ག་རང་ལ་གསར་དུ་སངས་རྒྱས་པ་རེད་དམ། མཆོག་གི་སྤྲུལ་སྐུའི་རྣམ་པ་བྱོན་པ་མ་གཏོགས་སྐལ་པ་མང་པོའི་སྔོན་ནས་སངས་རྒྱས་པ་ཞིག་རེད། ཅེས་པ་དེ་ལ་པཱ་ལིའི་གཞུང་ཉན་ཐོས་སྡེ་པའི་གཞུང་གི་ཡོངས་གྲགས་བྱས་ནས་གསུང་ཡོང་དུས། བཅོམ་ལྡན་འདས་རྡོ་རྗེ་གདན་གྱི་གནས་སུ་མངོན་པར་རྫོགས་པ་སངས་མ་རྒྱས་པའི་བར་དུ་སོ་སོའི་སྐྱེ་བོ་བྱས། དེ་ནས་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག་ནས་སྦྱོར་ལམ་ནས་བཟུང་མི་སློབ་ལམ་བར་དུ་མཉམ་བཞག་ཐུན་གཅིག་ལ་རྟོགས་པ་མངོན་ཏུ་གྱུར་ནས་སངས་རྒྱས་པ་དེ་ལྟར་གསུང་གི་ཡོད།
བྱམས་པ་མགོན་པོའི་བརྒྱུད་བླ་མའི་སྐབས་ནས་མཛད་པ་བཅུ་གཉིས་གསུང་སྟེ་དགའ་ལྡན་གནས་ནས་འཕོ་བ་དང་། ལྷུམས་སུ་ཞུགས་ནས་བལྟམས་པ་དེ་འདྲའི་ཐོག་ནས་དེ་དག་ཚང་མ་སངས་རྒྱས་ཀྱི་མཛད་པར་བཞག་གནང་གི་ཡོད། ཁ་སང་ཞུས་པའི་ངོ་བོ་ཉིད་སྐུ། དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་དེ་ལྟ་བུའི་མཉམ་བཞག་ལ་དབྱེ་བ་མེད་བཞིན་དུ་སྤྲུལ་པའི་རོལ་པ་སྣ་ཚོགས་ཤར་རྒྱུ་ཡིན་སྟབས། སྐྱེ་བ་མངོན་པར་སྐྱེ་བ་ནས་བཟུང་མཛད་པ་དེ་དག་ཚང་མ་སངས་རྒྱས་ཀྱི་མཛད་པ་ཡིན། འོ་ན་རྡོ་རྗེ་གདན་དུ་གསར་དུ་སངས་རྒྱས་པའི་མཛད་པ་མཛད་པ་དེ་འདུལ་བྱ་ཐུན་མོང་ངོས་ལ་གསར་དུ་སངས་རྒྱས་པའི་མཛད་པ་མཛད་པ་དེ་འདྲ་ཞིག་ཡིན་པ་རེད།
ཁ་སང་ཞུས་པའི་སྐུ་བཞིའི་རྣམ་གཞག་ཅེས་གསུངས་པ་འདི་མི་འདྲ་བ་ཞིག་ཆགས་ཡོང་གི་ཡོད། ང་རང་ཚོས་སྤྱིར་བཏང་བསམ་བློ་གཏང་བ་ཡིན་ན། སྐྱེ་བོ་གང་ཟག་ཕལ་པ་ཞིག་གྲངས་མེད་གསུམ་ལ་ཚོགས་བསགས་པ་དེ་འདྲ་རེད། འོན་ཀྱང་ལམ་སང་དེ་འདྲའི་ལས་སླ་པོའི་ཐོག་ནས་རྟེན་གཅིག་ལ་ས་ལམ་གྱི་རྟོགས་པ་དང་འགྲོས་ནས་ཡོང་རྒྱུ་ཟེར་རྒྱུ་ཕྲན་བུ་མི་བདེ་བ་ཡོད། ནམ་རྒྱུན་བྱང་ཆུབ་སེམས་པའི་སྡེ་སྣོད་ཀྱི་གཞུང་ནས་ཚོགས་སྦྱོར་གྱི་གནས་སྐབས་ལ་གྲངས་མེད་དང་པོའི་ཚོགས་བསགས། མ་དག་ས་འཛིན་གྱི་གནས་སྐབས་ལ་གྲངས་མེད་གཉིས་པའི་ཚོགས་བསགས། དེ་ནས་དག་པ་ས་གསུམ་གྱི་གནས་སྐབས་ལ་གྲངས་མེད་གསུམ་པའི་ཚོགས་བསགས་ནས་མངོན་པར་རྫོགས་པ་སངས་རྒྱས། དག་མ་དག་གི་སྤྲུལ་བའི་གང་ལ་གང་འདུལ་སྟོན་བྱེད་དེ་འདྲའི་ཐོག་ནས་གསུངས་པ་འདི་རྒྱུ་མཚན་ཏོག་ཙམ་ཟབ་པ་ཡོད་འདུག
དེ་འདྲ་ཞིག་ཡོང་བར་སྔོན་ལ་སངས་རྒྱས་ཀྱི་གོ་འཕང་ཟེར་བ་ཞིག་ཡོད་རེད་དམ་མ་རེད། ཅེས་དྲི་བ་འདི་བསླེབས་ཀྱི་རེད། བྱང་ཆུབ་གསུམ་གྱི་བསླབ་པ་གསུམ་གྱི་ཉམས་ལེན་གང་ཟག་བདག་མེད་ཙམ་རྟོགས་ནས་དེ་འདྲའི་ཉམས་ལེན་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཆུང་མ་གཏོགས་གཞན་བསྒོམ་བྱ་དེ་དེ་འདྲ་ཞིག་གི་ཐོག་ནས་ཉན་རང་དགྲ་བཅོམ་པའི་གོ་འཕང་། ཐེག་ཆེན་གྱི་དགྲ་བཅོམ་པའི་གོ་འཕང་བྱས་ནས་དེ་དག་ཐོབ་རྒྱུ་ཞིག་གསུངས་ནས་རྒྱུའི་ཁྱད་པར་ལམ་བསྒོམ་རྒྱུའི་གནས་སྐབས་ལ་ཁྱད་པར་མེད་པ་ཞིག་གིས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་དང་དགྲ་བཅོམ་པའི་གོ་འཕང་ཞེས་ཁྱད་པར་ཆེན་པོ་ཡོད་པ་འདི་རྒྱུའི་གནས་སྐབས་ལ་ཁྱད་པར་ཆེར་མེད་པ་གང་ཞིག་འབྲས་བུར་ཁྱད་པར་ཆེན་པོ་ཡོད་པ་དེ་མ་འགྲིག་པ་རེད། ཅེས་མགོན་པོ་ཀླུ་སྒྲུབ་ཀྱིས་དེ་འདྲ་གསུངས་ཡོད།
དེར་བརྟེན་རྒྱུ་མཚན་འདི་ཡང་དག་པ་རེད། ལེགས་སྦྱར་གཞུང་ངམ་ཐེག་ཆེན་གཞུང་ནས་གསུངས་པའི་འགྲེལ་བ་དེ་དག་ལ་བསམ་བློ་བཏང་ན་ལེགས་བཤད་དེ་དག་བློ་ལ་འཇུག་པ་ཞིག་འདུག གང་ལྟར་ཡང་དེ་ལྟ་བུའི་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་ནས་བདེན་བཞིའི་ཆོས་འཁོར་གསུངས་པ་འདི་ཚང་མར་ཡོངས་གྲགས་རེད། ལོ་རྒྱུས་ནང་འཁོད་ཡོད། ཤེར་ཕྱིན་གྱི་ཆོས་འཁོར་གསུངས་པ་འདི་ལོ་རྒྱུས་ནང་ལ་འཁོད་མེད། དེར་བརྟེན་ཀླུ་སྒྲུབ་ཡབ་སྲས་མ་བྱུང་བའི་གོང་དུ་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་རེད། ཅེས་གསུང་མཁན་ཡོད་པ་རེད། བྱམས་པ་མགོན་པོའི་མདོའི་ནང་ཐེག་ཆེན་བཀའ་སྒྲུབ་གསུངས་འདུག
དེ་ནས་མགོན་པོ་ཀླུ་སྒྲུབ་ཀྱི་བརྩམས་པའི་དབུ་མ་རིན་ཆེན་ཕྲེང་བའི་ནང་ལའང་ཐེག་ཆེན་བཀའ་སྒྲུབ་གསུངས་ཡོད། ལྷག་པར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བའི་ནང་ལ་ཐེག་ཆེན་སངས་རྒྱས་བཀའ་ཡིན་པ་ཞིབ་ཕྲ་བྱས་ནས་གསུངས་ཡོད། དེ་བཞིན་ཞི་བ་ལྷའི་སྤྱོད་འཇུག་ནང་ལའང་ཐེག་ཆེན་བཀའ་སྒྲུབ་སྐོར་ཡོད་པ་རེད། དེ་དང་དེས་མཚོན་པའི་རྒྱ་གར་མཁས་པ་མང་པོ་ཞིག་གིས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པ་སྒྲུབ་སྐབས་དེའི་གནས་སྐབས་སུ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་རེད། ཅེས་གསུང་མཁན་མང་པོ་ཡོད་པ་རེད། དེང་སང་ཡིན་ནའང་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་རེད། ཅེས་ཟེར་མཁན་ཡང་ཡོང་གི་ཡོད། བདེན་བཞི་ཆོས་འཁོར་འདི་ཚང་མས་སངས་རྒྱས་ཀྱི་བཀའ་རེད་ཅེས་གཅིག་གྱུར་བརྩིས་ཀྱི་ཡོད། ཤེར་ཕྱིན་གྱི་མདོ་དེ་གནས་བྱ་རྒོད་ཕུང་པོའི་རི་ལ་གསུངས་པ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་སྔོན་འགྲོའི་བཀའ་སློབ་སྩལ་གྲུབ་མཚམས་བཀའ་ཆོས་མུ་མཐུད་སྩལ་ཡོད་པ་བཅས།།