༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༥ རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོ་ཚོུད་ ༩།༢༦ ཐོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་བདུན་རེའི་གསར་འགྱུར་དུས་དེབ་ (Time Magazine) ཞེས་པའི་གསར་འགོད་པ་དང་ལྷན་དུས་དེབ་ཀློག་པ་པོའི་དྲི་བ་བཅུ་ཙམ་ལ་བཀའ་ལན་མཛད་ཡོད། དེ་ཡང་དྲི་བ་རྣམས་ནི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་མཛད་འགན་ལ་འགྱུར་བ་འགྲོ་བཞིན་པ་དེར་དགོངས་ཚུལ་ཇི་ཡོད་དང་། ཕྲུ་གུ་ཚོར་ཁོང་ཁྲོ་མི་ཡོང་བ་ཇི་ལྟར་བྱ་དགོས། བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་གཞུང་དང་ལྷན་འགྲིིགས་འཇགས་ཡོང་སྲིད་མིན། མགོན་པོ་གང་ཉིད་མཆོག་བོད་དྲན་གནང་གི་ཡོད་མེད། ༸གོང་ས་མཆོག་ལ་མི་དཀྱུས་མ་ཞིག་ཡིན་ན་སྙམ་པའི་དགོངས་ཚུལ་བྱུང་ཡོད་མེད། ༸གོང་ས་མཆོག་གིས་སྐྱ་ཆས་བཞེས་མྱོང་ཡོད་མེད་སོགས་ཀྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་མཛད་ཡོད། དྲི་བ་དེ་རྣམས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་གསར་འགྱུར་དུས་དེབ་ཀློག་པ་པོས་༸གོང་ས་མཆོག་ལ་དྲི་བ་མང་དག་ཅིག་ཕུལ་ཡོད་པའི་ནང་ནས་འདེམས་སྒྲུག་བྱས་པ་ཞིག་ཡིན། ༸གོང་ས་མཆོག་གིས་ཆེད་དོན་དྲི་བ་རྣམས་ལ་བཀའ་ལན་མཛད་པ་དེ་རྣམས་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༨ རེས་གཟའ་པ་སངས་ཉིན་དུས་དེབ་དེའི་ནང་འདོན་རྒྱུ་ཡིན་འདུག དེ་རྗེས་༸གོང་ས་མཆོག་གིས་རྒྱ་རིགས་ཤེས་ཡོན་ཅན་གྱི་མི་སྣ་ཁག་གཅིག་དང་། ཆུ་བཞི་སྒང་དྲུག་གི་ཚོགས་མི་ཁག་གཅིག་བཅས་ལ་མཇལ་ཁ་དང་བཀའ་སློབ་སོགས་སྩལ་ཡོད། ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་མངའ་སྡེ་ཁག་ལྔའི་ནང་གི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་པར་བསྒྲུབས་ཏེ་ཡུ་རོབ་བརྒྱུད་རྒྱ་གར་དུ་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།