༢༠༡༦ ཟླ་ ༥ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༩ རེས་གཟའ་ཟླ་བའི་ཉིན་༸གོང་ས་མཆོག་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་ Osaka ནང་ཉི་ཧོང་གི་བརྙན་འཕྲིན་གསར་འགྱུར་ཚན་པ་གྲགས་ཅན་ཨེན་ཨེ་ཆེ་ཀེ་ NHK ཞེས་པའི་གསར་འགོད་པ་མ་ཀ་ཏོ་ཨོ་ད་ Mr Makato Oda ལགས་དང་། ཨེ་སུ་ཀེ་ཏ་ཀ་ཧ་ཤི་ Mr Eisuke Takahashi ལགས་ཀྱི་དྲི་བ་དྲིས་ལན་གྱི་ལས་རིམ་ནང་ལྷན་ཞུགས་མཛད།
སྐབས་དེར་གསར་འགོད་པ་རྣམས་ཀྱིས་ཐོག་མར་བོད་ནང་གི་དངོས་ཡོད་གནས་ཚུལ་ཇི་ཡིན་གྱི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། དངོས་ཡོད་གནས་ཚུལ་རྟོག་ཞིབ་སླད་ཉི་ཧོང་གི་གསར་འགོད་པ་ཚོས་བོད་ནང་གི་གྲོང་ཁྱེར་དང་གྲོང་གསེབ། དེ་བཞིན་བོད་མི་འབྲོག་པ་རྣམས་ཀྱི་ས་གནས་སུ་བསྐྱོད་ནས་རྟོག་ཞིབ་བྱེད་ཐུབ་ན་དགེ་མཚན་ཆེན་པོ་ཡོད་སྐོར་བཀའ་ལན་སྩལ་དོན། རིག་གནས་གསར་བརྗེའི་སྐབས་དང་བསྡུར་བ་ཡིན་ན་བོད་དང་རྒྱ་ནག་ནང་དེང་སྐབས་གནས་སྟངས་ཕྲན་བུ་བཟང་བ་ཡོད། འོན་ཀྱང་བོད་ནང་དུ་རྒྱ་མིའི་ལས་བྱེད་མཁྲེགས་འཛིན་པ་ཁག་གཅིག་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་བོད་མིའི་ཐུན་མིན་གྱི་ངོ་བོ་མཚོན་པར་བྱེད་པའི་ཁྱད་ཆོས་དེ་དག་གིས་བོད་དེ་རྒྱ་ནག་དང་ཁ་བྲལ་གཏོང་རྒྱུའི་ཉེན་ཁར་བརྩི་ནས་དམ་བསྒྲགས་སྔར་བས་ཆེ་རུ་གཏོང་བཞིན་ཡོད། སློབ་གྲྭར་བོད་སྐད་སློབ་ཁྲིད་མི་ཆོག་པའམ་ཡང་ན་དམ་བསྒྲགས་ཚོད་འཛིན་བྱེད་བཞིན་ཡོད། བོད་ཡིག་སློབ་སྦྱོང་ཡག་པོ་ཡོད་པའི་བོད་ཕྲུག་རྣམས་རྗེས་ལུས་ཐེབ་བཞིན་ཡོད། རྒྱ་ཡིག་ཡག་པོ་ཡོད་པའི་སློབ་མ་རྣམས་ལས་ཀ་ཐོབ་སླ་བ་དང་ཡང་ན་མུ་མཐུད་མཐོ་སློབ་ཏུ་སློབ་སྦྱོང་བྱེད་དགོས་ན་ལས་སླ་པོར་བསྐྱོད་ཐུབ་བཞིན་ཡོད། ཕྱི་ལོ་ ༡༩༨༠ སྐབས་ནས་བཟུང་བོད་ནང་དུ་རིག་གནས་གསར་བརྗེ་དང་ཆ་འདྲ་བའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ཡོད། དེར་བརྟེན་ཕྱི་ལོ་ ༢༠༠༨ ལོར་ཟིང་ཆ་དེ་བྱུང་བ་རེད། པེ་ཅིང་སྲིད་གཞུང་གིས་ས་གནས་ལས་བྱེད་པ་ཚོར་ཧ་ཅང་བརྟེན་ནས་བསྡད་ཡོད། ས་གནས་ལས་བྱེད་པ་སེམས་གུ་དོག་ཅན་དེ་འདྲ་ཡིན་སྟབས་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད། ཕྱི་དངོས་པོའི་འཛུགས་སྐྲུན་ལ་མཚོན་ན་གྲོང་ཁྱེར་ནང་གི་སྡོད་ཁང་དང་ཚོང་ཁང་སོགས་ཡར་རྒྱས་ཕྱིན་ཡོད། འོན་ཀྱང་བོད་བརྒྱུད་ནང་བསྟན་ལ་མཚོན་ན་ལོ་ངོ་ ༢༠།༣༠ རིང་དགེ་བའི་ཤེས་གཉེན་ཚད་ལྡན་ཞིག་ལམ་ནས་སློབ་སྦྱོང་བྱེད་དགོས། དེང་སྐབས་བོད་ནང་ལ་མཚོན་ན་དགེ་བའི་བཤེས་གཉེན་དེ་འདྲ་ཞིག་ཐོབ་རྒྱུ་ཁག་པོ་རེད།
མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བོ་དམ་པ་ཕལ་མོ་ཆེ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པའམ་ཡང་ན་བཙོན་ཁང་ནང་སྐུ་གྲོངས་ཟིན་པ་རེད། དེར་བརྟེན་ཧ་ཅང་ཉུང་ངུ་ལས་ལྷག་མེད། ད་ཆ་དགེ་འདུན་པའི་ཞལ་གྲངས་ཡང་ཧ་ཅང་ཉུང་དུ་ཕྱིན་ཡོད། དཔེར་ན་༸རྒྱལ་མཆོག་སྐུ་ཕྲེང་གཉིས་པ་དགེ་འདུན་གྲུབ་པ་མཁན་པོ་མཛད་སའི་འབྲས་སྤུངས་དགོན་པ་ལྟ་བུར་མཚོན་ན། ཕྱི་ལོ་ ༡༩༥༨།༥༩ སྐབས་ངོས་རང་དགོན་པ་དེར་རྒྱུགས་སྤྲོད་མཐའ་མ་འབུལ་སྐབས་དགེ་འདུན་ཞལ་གྲངས་ ༨༠༠༠ ཡོད་འདུག འོན་ཀྱང་ད་ཆ་དགོན་པ་དེར་དགེ་འདུན་ཞལ་གྲངས་ ༤༠༠ ལས་མེད། དེ་སྔ་འབྲས་སྤུངས་དགོན་པར་སློབ་གཉེར་ཆེད་བོད་མདོ་དབུས་ཁམས་གསུམ་ཙམ་མ་ཟད། ཡུལ་གྲུ་གཞན་ནས་ཀྱང་གྲྭ་རྒྱུན་ཡོང་སྲོལ་ཡོད། ད་ཆ་རྒྱ་ནག་གཞུང་གི་ལས་བྱེད་པ་ཚོས་ཕྱོགས་མཐའ་ནས་གྲྭ་ཞུགས་ཆེད་ཕེབས་པ་རྣམས་རང་ཁྱིམ་དུ་ཕྱིར་སློག་བྱེད་བཞིན་ཡོད། དགོན་པར་འཛུལ་ཞུགས་བྱས་ཟིན་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་བཞིན་ཡོད།
རྒྱ་ནག་གཞུང་གིས་བོད་ནང་གི་གནས་སྟངས་བཀྲ་ཤིས་ལོ་ལེགས་ཡོད་པ་ཤོད་བཞིན་ཡོད། འོན་ཀྱང་དོན་དངོས་སྨྲ་བརྗོད་དང་གསར་འགྱུར་རང་དབང་གང་ཡང་མེད། རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པར་བརྟེན་གཞུང་གིས་གང་བཤད་པའི་གནས་ཚུལ་ཕྱོགས་གཅིག་རྐྱང་པ་མ་གཏོགས་མེད།
ཅེས་བཀའ་ལན་སྩལ། དེ་རྗེས་གསར་འགོད་པས་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མི་ ༡༤༠ ལྷག་གིས་རང་ལུས་མེར་སྲེག་བཏང་བའི་སྐོར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བར་མགོན་པོ་གང་ཉིད་མཆོག་གིས་གནས་ཚུལ་དེ་དག་ཐོས་སྐབས་ཧ་ཅང་ཐུགས་ཕམ་བྱུང་ཡོད་སྐོར་དང་། བོད་མི་དེ་དག་གིས་གཞན་ལ་འཚེ་བ་མ་བྱས་པར་རང་ཉིད་བློས་གཏོང་གི་སྙིང་སྟོབས་ལ་ཡིད་རང་བསྔགས་བརྗོད་མཛད་པ་མ་ཟད། དེ་སྔ་རང་ལུས་མེར་སྲེག་གི་གནས་ཚུལ་ཐོག་མ་བྱུང་སྐབས་སྦི་སྦི་སི་གསར་འགོད་པ་ཞིག་གིས་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་མཛད་པ་ཐུགས་དྲན་གསོ་དང་སྦྲགས། རང་ལུས་མེར་སྲེག་བཏང་བ་དེས་བོད་ཀྱི་རྩ་དོན་ལ་དོམ་དམ་གྱི་ཕན་འབྲས་ཇི་ཙམ་ཡོང་མིན་ཐེ་ཚོམ་གྱི་གཞི་ཡིན་སྐོར་བཀའ་ལན་སྩལ།
དེ་རྗེས་བོད་ཀྱི་གནས་སྟངས་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། ང་ཚོས་རང་བཙན་རྩོད་ཀྱི་མེད། རྒྱ་ནག་རང་གི་ལོ་རྒྱུས་དེབ་ཐེར་ཁག་ནང་དུ་དུས་རབས་ ༧།༨།༩ སྐབས་རྒྱ་ནག་དང་སོག་པོ། བོད་བཅས་སྟོབས་ཆེན་རྒྱལ་ཁབ་གསུམ་དབང་ཐང་འདྲ་མཚུངས་བྱུང་ཡོད་པ་གསལ་ཡོད། འོན་ཀྱང་དེ་ཚོ་འདས་ཟིན་པའི་གནས་ཚུལ་རེད། ང་ཚོས་ད་ལྟ་འབྱུང་འགྱུར་གྱི་གནས་སྟངས་ལ་བསམ་ཞིབ་བྱེད་བཞིན་ཡོད། ངོས་རང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲིག་འཛུགས་དེར་དངོས་གནས་ཡིད་སྨོན་སྐྱེ་བཞིན་འདུག རྒྱལ་ཁབ་ཚོས་སྒེར་གྱི་བདག་དབང་ལས་སྤྱིའི་ཁེ་ཕན་གལ་ཆེ་བར་བརྩིས་ཡོད། བོད་ལ་མཚོན་ན་དཔལ་འབྱོར་ཡར་འགྲོ་དགོས་པ་རེད། བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་པའི་གནས་སྟངས་འོག་རྒྱ་ནག་གིས་བོད་ནང་དཔལ་འབྱོར་འཛུགས་སྐྲུན་ཆེད་རོགས་རམ་བྱེད་ཐུབ་རྒྱུ་རེད། བོད་མི་ཚོར་མཚོན་ན་དཔལ་ནཱ་ལེནྡྲའི་ལེགས་བཤད་རྨད་དུ་བྱུང་བ་དེ་དག་བློ་འཛིན་བྱས་པ་ཙམ་དུ་མ་ཟད། རིགས་པའི་ལམ་ནས་བརྡར་ཤ་གཅོད་ནས་ཆ་ལག་ཚང་བ་ཉར་ཚགས་བྱེད་བཞིན་ཡོད། བོད་བརྒྱུད་ནང་བསྟན་མུ་མཐུད་གནས་ཐུབ་པ་བྱ་རྒྱུ་དེ་བོད་མི་ས་ཡ་དྲུག་ཙམ་གྱི་ཁེ་ཕན་ཁོ་ནའི་ཆེད་དུ་མིན་པར་རྒྱ་རིགས་ནང་པ་ས་ཡ་ ༤༠༠ ཡོད་པ་རྣམས་དང་།
ཕྱོགས་མཚུངས་ཉི་ཧོང་ནང་པ་རྣམས་ལའང་ཁེ་ཕན་ཡོད། དེང་སྐབས་ཚན་རིག་པ་ཚོས་ཀྱང་གལ་ཏེ་མི་སྒེར་པ་དང་ཁྱིམ་ཚང་། དེ་བཞིན་རྒྱལ་ཁབ་ནང་བདེ་སྐྱིད་དགོས་ན་སེམས་ནང་ཞི་བདེ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད། འཕྲུལ་རིག་དང་དངོས་པོ་འཛུགས་སྐྲུན་རྐྱང་པས་འདང་གི་མེད། བདེ་སྐྱིད་ཟེར་བ་དེ་ང་ཚོའི་བསམ་བློ་དང་འབྲེལ་བ་ཡོད། ང་ཚོས་ལུས་པོ་བདེ་འཕེར་ཡོང་སླད་ལུས་པོའི་འཕྲོད་བསྟེན་བྱས་པ་ལྟར་བསམ་བློ་བདེ་འཕེར་ཡོང་སླད་སེམས་ཀྱི་འཕྲོད་བསྟེན་བྱེད་དགོས། བློའི་རྣམ་གཞག་སྐོར་བོད་བརྒྱུད་ནང་བསྟན་ནང་ཧ་ཅང་ཕྱུག་པོ་ཡོད་པ་དེ་དག་ང་ཚོས་བདག་པོ་རྒྱག་རྒྱུའི་ཐོབ་ཐང་ཡོད་པ་མ་ཟད། དེས་གཞན་ལའང་ཕན་ཐོགས་བྱེད་ཐུབ། ཅེས་བཀའ་ལན་སྩལ། དེ་རྗེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་མཛད་རྒྱུའི་འཆར་གཞིའི་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། ཏེང་ཞའོ་པིང་གིས་རང་བཙན་མ་གཏོགས་གཞན་གནད་དོན་ཇི་འདྲ་ཞིག་ཡིན་ཡང་གྲོས་མོལ་བྱེད་ཆོག་པའི་བརྡ་ལན་ཞིག་བཏང་རྗེས་ཕྱི་ལོ་ ༡༩༨༠ སྐབས་ང་ཚོས་འབྲེལ་བ་ཞིག་བཙུགས་པ་རེད། ཕྱི་ལོ་ ༡༩༩༠ སྐབས་འབྲེལ་བ་དེ་ཆད་ནས་སླར་ཡང་སྲིད་འཛིན་ཅང་ཙེ་མིན་སྐབས་གྲོས་མོལ་སླར་གསོ་བྱུང་མཐར་ཕྱི་ལོ་ ༢༠༡༠ ལོར་སླར་ཡང་འབྲེལ་བ་ཆད་ཡོད། ད་ལྟ་ངོས་ཀྱིས་ཏཱ་ལའི་བླ་མའི་མིང་འཁྱེར་བཞིན་ཡོད། ༸རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་པེ་ཀིང་དུ་ཆིབས་སྒྱུར་བསྐྱངས་ཡོད། ཕྱོགས་གཅིག་ནས་རྒྱ་རིགས་ནང་པ་ས་ཡ་མང་པོས་ངོས་ཀྱི་སར་ནས་གསུང་ཆོས་ཞུ་འདོད་བྱེད་བཞིན་ཡོད།
གཉིས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་སྲིད་འཛིན་ཞི་ཆིན་ཕིང་གིས་སྐབས་ཤིག་རྒྱལ་ས་པེ་རི་སིར་རྒྱ་ནག་གི་རིག་གཞུང་ནང་དུ་ནང་ཆོས་གལ་ཆེ་ཚུལ་དང་ཕན་ཐོགས་ཡོད་སྐོར་གསུངས་པ་དེ་སླར་ཡང་རྒྱལ་ས་དིལླཱིར་བསྐྱར་ལྡབ་གནང་ཡོད། ཅེས་བཀའ་ལན་སྩལ་བ་དང་སྦྲགས། ཉེ་ལམ་རྒྱ་རིགས་ཁག་གཅིག་གིས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་ ༡༠༠༠ ཙམ་བྲིས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་བ་ཙམ་མ་ཟད།་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་ཐུགས་དྲན་གསོ་མཛད་དོན། གཅིག་བསྡུས་དབང་འཛིན་བྱས་ནས་སྡོད་རྒྱུའི་དུས་ཚོད་ད་ཅ་ཡོལ་ཟིན་པ་རེད། དེར་བརྟེན་ད་ཆ་གུ་ཡངས་ཀྱི་སྲིད་བྱུས་འཛིན་པ་ཡིན་ན་རྒྱ་མི་རིགས་དང་རྒྱ་ནག་གཞུང་གཉིས་ཀར་ཁེ་ཕན་ཡོད། རྒྱ་རིགས་མང་ཚོགས་དུང་ཕྱུར་ ༡༣ ཡོད་པ་རྣམས་ལ་དངོས་ཡོད་གནས་ཚུལ་གང་ཡིན་ཤེས་རྒྱུའི་ཐོབ་ཐང་ཡོད་པ་མ་ཟད། དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་ལེགས་ཉེས་བླང་དོར་འབྱེད་རྒྱུའི་རྣམ་དཔྱོད་ཀྱང་ཡོད།
གནས་སྟངས་དེ་འདྲའི་འོག་གཞུང་གིས་དམ་བསྒྲགས་བཀག་བསྡོམས་བྱ་རྒྱུའི་སྲིད་བྱུས་འདི་བཟང་སྤྱོད་དང་འགལ་བ་ཞིག་ཡིན་པ་མ་ཟད། ནོར་འཁྲུལ་ཡང་ཡིན། འོན་ཀྱང་ངོས་ཀྱི་སྤྱིར་མ་ཁེ་སེའི་རིང་ལུགས་ལ་འགག་པ་བྱས་པ་དེ་འདྲ་མིན། མ་ཁེ་སའི་རིང་ལུགས་ནང་སྤྱི་རྒྱུ་དང་གོ་སྐབས་སོགས་མང་ཚོགས་ལ་ཆ་སྙོམས་བགོ་འགྲེམས་བྱ་རྒྱུའི་ལམ་ལུགས་དེར་ངོས་རང་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། འོན་ཀྱང་ཕྱིས་སུ་ལེ་ཉིན་ Lenin བསླེབས་པ་ནས་བཟུང་དྲག་པོའི་ཁྲིམས་ལུགས་ལག་བསྟར་བྱས་པའི་ལམ་སྲོལ་དར་བ་དེར་ངོས་ཀྱིས་འགག་བྱ་བྱེད་བཞིན་ཡོད། དེས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་སྲོལ་རྦད་དེ་འཕྲོ་བརླག་བཏང་བ་རེད། ཅེས་བཀའ་ལན་སྩལ། དེ་རྗེས་འབྱུང་འགྱུར་ཏཱ་ལའི་བླ་མ་དེ་སུ་རེད། ཅེས་དྲིི་བ་ཞུ་སྐབས་བཀའ་ལན་སྩལ་དོན། སུས་ཤེས་རྒྱུ་རེད། ངོས་ལ་མཚོན་ན་ད་ཆ་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ནས་བགྲེས་ཡོལ་ཆ་ཚང་ཞུས་ཟིན་པ་མ་ཟད། ཏཱ་ལའི་བླ་མའི་བླ་བྲང་གིས་བོད་མིའི་ཆོས་ཕྱོགས་ཙམ་མ་ཟད། ཆབ་སྲིད་ཐོག་ལའང་ཐེ་བྱུས་བྱ་རྒྱུའི་ལམ་སྲོལ་དེ་ཡང་དགའ་ཞིང་སྤྲོ་ཞིང་སྤོབས་པ་དང་བཅས་དང་བླངས་ཐོག་ནས་ད་ཆ་མཇུག་སྒྲིལ་ཟིན་པ་ཡིན། དེར་བརྟེན་འབྱུང་འགྱུར་ཏཱ་ལའི་བླ་མ་ནི་ས་སྐྱ་ཁྲི་འཛིན་དང་ཀརྨ་པ་བཞིན་ཆོས་ཕྱོགས་ཀྱི་མི་སྣ་ཁོ་ན་ཆགས་རྒྱུ་རེད། མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་མ་ཕེབས་ཀྱང་དཀའ་ངལ་འཕྲད་རྒྱུ་མ་རེད། དཔེར་ན་སྟོན་པ་བཅོམ་ལྡན་འདས་དང་མགོན་པོ་ཀླུ་སྒྲུབ་ཀྱི་ཡང་སྲིད་མེད། འོན་ཀྱང་ཁོང་རྣམ་པས་བརྩམས་པའི་བཀའ་བསྟན་དེ་དག་ལོ་ངོ་བརྒྱ་ཕྲག་གི་རྗེས་སུའང་མུ་མཐུད་གནས་ཡོད། ཅེས་བཀའ་ལན་སྩལ།།