༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཡོཀ་ཏུ་གསར་འགོད་པ་ ༡༠༠ ཙམ་གྱི་ལྷན་བོད་དང་འཛམ་གླིང་གི་གནད་དོན་ཐོག་དགོངས་ཚུལ་བརྗེ་ལེན་མཛད་ཡོད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་དངོས་གནས་བོད་དོན་ཐོག་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་སྟོན་གྱི་མེད་ཁར་ཉེ་ལམ་བོད་ཨ་མདོའི་ས་ཁུལ་གྱི་གྲོང་གསེབ་གཅིག་གིས་མི་མང་ཚོས་རྒྱ་ནག་གཞུང་གིས་ཁུལ་དེར་བཟོ་གྲྭ་རྒྱག་རྒྱུའི་ལས་གཞི་དེར་ངོ་རྒོལ་བྱས་པར་རྒྱ་མིའི་དམག་མིས་མེ་མདའ་བརྒྱབ་པའི་གནས་ཚུལ་གྱི་དཔེ་མཚོན་དང་དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་དགོངས་ཚུལ་ཇི་ཡོད་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན།
རྒྱ་ནག་དཔོན་རིགས་ཚོ་དང་ལྷན་འབྲེལ་མོལ་གྱི་བརྒྱུད་རིམ་དེར་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་མེད་ཀྱང་ངོས་ཀྱིས་རྒྱུ་མཚན་གཉིས་ཀྱི་སྒོ་ནས་བཟང་ཕྱོགས་ཀྱི་རེ་བ་ཆེན་པོ་རྒྱག་གི་ཡོད། རྒྱུ་མཚན་དང་པོེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནི་འཛམ་གླིང་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཞིག་ཡིན་པར་བརྟེན་འཛམ་གླིང་སྤྱི་མཚུངས་ཀྱི་ལངས་ཕྱོགས་བཟུང་ནས་གོམ་པ་མདུན་སྤོས་ཀྱིས་ཕྱི་གསལ་ནང་གསལ་དང་། ཁྲིམས་ལུགས་དབང་འཛིན། མང་གཙོ། རང་དབང་ཅན་གྱི་ཁྲིམས་བཟོ་ལྷན་ཁང་སོགས་དགོས་ཀྱི་རེད། རྒྱ་ནག་གི་གཅིག་སྡུད་དབང་འཛིན་ལམ་ལུགས་ཀྱིས་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བཟུང་ཐུབ་ངེས་ཤིག་ཡིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱུང་རབས་ནང་གཙོ་ཆེ་བའི་དུས་ཚིགས་བཞི་བྱུང་ཡོད། དང་པོ་མའོ་ཙེ་ཏུང་གི་དུས་སྐབས་སུ་དམར་པོའི་ལྟ་བ་གཙིགས་ཆེ་ཤོས་སུ་འཛིན་ཡོད་པ་དང་། གཉིས་པ་ཏེང་ཞའོ་ཕིང་གི་དུས་སུ་ལྟ་བ་ལས་དཔལ་འབྱོར་གལ་ཆེར་འཛིན་ཏེ་མ་རྩ་རིང་ལུགས་འགོ་བཙུགས་པར་བརྟེན་རྒྱ་ནག་མི་མང་ས་ཡ་མང་པོ་ཡར་རྒྱས་ཤུགས་ཆེ་བྱུང་ཡོད།
གསུམ་པ་ཅང་ཛི་མིན་གྱི་སྐབས་རྒྱ་ནག་དམར་ཤོག་ཚོགས་པས་དངོས་ཡོད་གནས་ཚུལ་ངོས་ལེན་ཐོག་མཚོན་ཆེད་གསུམ་གྱི་ལངས་ཕྱོགས་བཟུང་ཡོད། ད་ཆ་སྲིད་འཛིན་ཧུའུ་ཅིན་ཐའོ་དུས་སྐབས་ལ་སླེབས་པའི་སྐབསའདིར་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་པའི་ཐོག་འདས་པའི་ཆབ་སྲིད་ལངས་ཕྱོགས་ཀྱི་སྐྱོན་ཆ་རྣམས་མཐོང་ནས་སེལ་ཐབས་བྱེད་བཞིན་ཡོད། རྒྱུ་མཚན་གཉིས་པ། ང་ཚོས་རྒྱ་ནག་གཞུང་ལ་ཡིད་ཆེས་ཆུང་དུ་ཕྱིན་ཡོད་ཀྱང་རྒྱ་ནག་མི་མང་ལ་ཡིད་ཆེས་བརླག་མེད། བོད་ནང་ཕྱི་ལོ་ ༢༠༠༨ ལོར་ཞི་རྒོལ་ཆེན་མོ་བྱུང་རྗེས་རྒྱ་ཡིག་ཐོག་དཔྱད་རྩོམ་ ༩༠༠ བརྒལ་བ་ཐོན་པའི་ནང་ནས་བརྒྱ་ཕྲག་ཁ་ཤས་རྒྱ་ནག་སྐམ་ས་ནས་ཡིན་པའི་རྒྱ་རིགས་མཁས་དབང་ཚོས་བྲིས་པ་དང་། དཔྱད་རྩོམ་དེ་ཚོས་ངོས་ཀྱི་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ལངས་ཕྱོགས་དེར་རྒྱབ་སྐྱོར་བྱས་ཡོད་ཅེས་བཀའ་སྩལ།
དེ་རྗེས་༸གོང་ས་མཆོག་ལ་གསུང་ཆོས་ཕྱག་འཁྱེར་རིན་གོང་ཆེ་བའི་རྒྱུ་མཚན་ཇི་ཡིན་གྱི་དྲི་བ་ཕུལ་བར། མགོན་པོ་གང་ཉིད་མཆོག་གིས་གནད་དོན་འདི་རིགས་གསུང་ཆོས་གོ་སྒྲིག་གནང་མཁན་ཚོར་འདྲི་དགོས་པའི་དགོངས་ཚུལ་སྟོན་པ་དང་སྦྲགས་བཀའ་ལན་སྩལ་དོན། ངོས་ཀྱིས་དུས་རྒྱུན་གོ་སྒྲིག་གནང་མཁན་ཚོར་གསུང་ཆོས་ལག་འཁྱེར་གྱི་རིན་གོང་གང་ཆུང་ཆུང་འཇོག་དགོས་པ་ཞུས་ཀྱི་ཡོད། ངོས་ནས་གསུང་ཆོས་ཀྱི་དངུལ་ནམ་ཡང་ལེན་མྱོང་མེད། ཉེ་ཆར་ཨིན་ཌིི་ཡ་ནའི་གསུང་ཆོས་ནས་བྱུང་བའི་དངུལ་དེ་དག་བཀྲེས་ལྟོགས་ངལ་སེལ་ལས་གཞི་དང་སྐྱེ་རྒུ་མདོའི་ས་ཡོམ་གདུང་སེལ་ཚོགས་པ་ཁག་ལ་ཕུལ་ཡོད་སྐོར་བཀའ་སྩལ། ཡང་གསར་འགོད་པ་ཞིག་གིས་བོད་ནང་དུ་ཡོད་པའི་བོད་མི་ཤེས་ལྡན་མི་སྣ་ཚོར་རྒྱ་ནག་གཞུང་གིས་སྡུག་སྦྱོང་བྱེད་ཀྱི་ཡོད་པའི་སྙན་ཐོ་ཞིག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པས་ (International Campaign for Tibet) བཏོན་ཡོད་སྐོར་གྱི་གནད་དོན་ཐོག་གི་དྲི་བར་བཀའ་ལན་སྩལ་དོན། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་བསམ་བློ་གུ་དོག་ཡོད་མཁན་ཚོས་བོད་ཀྱི་ཐུན་མིན་རིག་གཞུང་དེ་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཉེན་ཁར་རྩི་བཞིན་ཡོད། ལོ་ ༡༥ གོང་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་མིའི་ལས་བྱེད་པ་ཆེེན་ཀུ་ཡོན་ Chen Kuiyuan གྱིས་སྲིད་དོན་ཚོགས་པའི་ཚོགས་འདུ་ཞིག་གི་ནང་བོད་ཀྱི་ནང་ཆོས་དེ་གུང་ཁྲན་ཚོགས་པར་ཉེན་ཁ་ཡོད་ཚུལ་གྱི་གཏམ་བཤད་བྱས་ཡོད།
དེ་བཞིན་ཆེན་ཀུ་ཡོན་གྱིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་བོད་ཡིག་སློབ་ཁྲིད་བྱེད་མ་བཅུག་པ་དང་། བོད་མི་ཤེས་ཡོན་ཅན་ཚོས་བོད་ཀྱི་ཐུན་མིན་རིག་གཞུང་གི་རིན་ཐང་ཤེས་ཀྱི་ཡོད། ཁོང་ཚོས་བོད་ཀྱི་རིག་གཞུང་ཐོག་སྐད་ཆ་ཤོད་སྐབས་རྒྱ་ནག་གཞུང་གིས་ཁོང་ཚོར་དམིགས་རྟགས་རྒྱག་གི་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།།