༢༠༡༦ ཟླ་ ༥ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༦ ཉིན་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩(༡) འོག་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོ་དོན་ཚན་ ༡ ནང་གསེས་ ༣ བཅས་ཀྱི་དགོངས་དོན་ལྟར་དཔལ་ལྡན་བཀའ་ཤག་ནས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་ཨ་རི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་དང་འབྲེལ་ཨ་རིའི་ལས་གཉེར་ཐོངས་མཆན་ཐོན་ཚེས་དང་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ གང་སྔ་ནས་ལས་ཁུར་འགོ་འཛུགས་གནང་རྒྱུ་གནང་སོང་བའི་གསལ་བསྒྲགས་སུ། ཞེས་འཁོད་ཡོད།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་ལོ་རྒྱུས།
སྤེན་པ་ཚེ་རིང་མཆོག་ནི་ཕྱི་ལོ་ ༡༩༦༧ ལོར་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་ཕ་བློ་བཟང་སྙན་གྲགས་དང་། མ་མཚམས་ལགས་གཉིས་ཀྱི་བུར་སྐྱེས་ཞིང་། སྦེལ་ཀོབ་གཞི་རིམ་སློབ་གྲྭ་འགྲིམས་ཡོད་པ་དང་། འཛིན་རིམ་བཅུ་གཉིས་སྐབས་སློབ་གྲྭའི་སློབ་མ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ་མ་ཟད། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་ སློབ་ཕྲུག་ཡོངས་ཀྱི་རྒྱུགས་འབྲས་ཨང་དང་པོ་ཐོབ། ཕྱི་ལོ་ ༡༩༨༥ ནས་ ༡༩༨༨ བར་མ་དྷ་ར་སི་ཁིརི་ཤན་མཐོ་སློབ་ Christian college ཏུ་དམིགས་བསལ་དཔལ་འབྱོར་རིག་པ་ Economics major སློབ་གཉེར་གནང་། སྐབས་དེར་ལྷ་སར་ཞི་རྒོལ་རིམ་བསྟུད་དུ་བྱུང་བ་སྟབས་བསྟུན་ཏན་མེལ་ན་རྡུ་དང་ པོན་ཌི་ཅེ་རི་ས་གནས་རང་བདེན་ཚོགས་ཆུང་གསར་འཛུགས་ཀྱིས་དྲུང་ཆེའི་འགན་ཁུར་ཏེ། མ་དྷ་ར་སི་གྲོང་ཁྱེར་ནང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ ཞིང་། དེ་མཚུངས་སུ་ཏན་མེལ་ན་རྡུ་ཁྱབ་ཁོངས་བོད་རིགས་སུད་ཚོང་ས་ཁག་མང་དག་ཅིག་ལ་དཀའ་ སེལ་རོགས་རམ་དང་། རྒྱ་གར་རྒྱལ་ཡོངས་ནའེ་ཇི་རི་ཡ་དང་བོད་རིགས་སློབ་ཕྲུག་མཐུན་ཚོགས་གསར་འཛུགས་ སུ་མཉམ་ཞུགས་ཀྱིས་དྲུང་ཆེའི་ལས་འགན་ཁུར་ཏེ། བོད་དང་བོད་མིའི་གནས་སྟངས་ངོ་སྤྲོད་དང་། ནའེ་བོད་མཛའ་འབྲེལ་མཐུད་ཐབས་གནང་། མཐོ་སློབ་མཐར་ཕྱིན་རྗེས་ཕྱི་ལོ་ ༡༩༨༩ ལོར་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་པོན་ཌི་ཅེ་རི་ནང་གངས་སེང་ཟ་ཁང་གཉེར་སྐྱོང་གནང་ཞིང་། ཕྱི་ལོ་ ༡༩༩༠ ནས་ལོ་ ༡༠ ཙམ་རིང་གྲུམ་གདན་བཟོ་གྲྭ་འཛིན་སྐྱོང་དང་ཕྱི་ཚོང་གི་ལས་དོན་གཉེར།
༡༩༩༤ ནས་ ༡༩༩༧ བར་མདོ་སྨད་དབུས་རྒྱུན་དྲུང་ཆེའི་ལས་འགན་ལེན་ཡུན་རིང་། ༡༩༩༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༦༠ ཕེབས་པའི་མདོ་སྨད་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་འགན་ཁུར་བ་དང་། བོད་བར་ཞི་བའི་གོམ་བགྲོད་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སོགས་གནང་། ཕྱི་ལོ་ ༡༩༩༦ ལོར་སྐབས་ ༡༢ པའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་། དེ་བཞིན་ ༢༠༠༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༠ ཕེབས་པའི་མདོ་སྨད་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་། ༢༠༡༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་མདོ་སྨད་སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་པའི་འགན་ཁུར་གནང་། ཕྱི་ལོ་ ༢༠༠༡ ལོར་སླར་ཡང་སྐབས་ ༡༣ པའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་སྟེ། ཟླ་ ༤ རིང་རྒྱུན་ལས་བྱེད་མུར། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པར་འདེམས་བསྐོ་བྱུང་བ་ལྟར་ཕྱི་ལོ་ ༢༠༠༨ བར་ལོ་ངོ་བདུན་ལྷག་རིང་འགན་ཁུར་གནང་། ཕྱི་ལོ་ ༢༠༠༨ ལོར་སྐབས་ ༡༤ པའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་སྟེ། ལོ་དེའི་ཟླ་ ༡༢ ཚེས་ ༡༦ ནས་སྤྱི་འཐུས་ཚོགས་གཙོའི་ལས་ཁུར་གནང་། ཕྱི་ལོ་ ༢༠༡༡ ལོར་སླར་ཡང་སྐབས་ ༡༥ པའི་སྤྱི་འཐུས་ཚོགས་གཙོར་བདམས་ཐོན་བྱུང་ནས་ད་ལྟ་མུ་མཐུད་ལས་འཁུར་ཞུ་མུས་ཡིན་པ་བཅས།།