༢༠༡༦ ཟླ་ ༥ ཚེས་ ༦ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཁུལ་དུ་ཕྱི་ཟླ་ ༥ ཚེས་ ༩ ནས་ ༡༣ བཅས་ཉིན་གྲངས་ ༥ རིང་མཛད་འཕྲིན་བསྐྱངས་ཆེད། བཞུགས་སྒར་ཕོ་བྲང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༦ རེས་གཟའ་པ་སངས་ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ཆིབས་འགྲོའི་ཐོག་སྟོན་འཁོར་དང་བཅས་ཐོག་མར་རྡ་སའི་ཉེ་འགྲམ་ག་གྷལ་གནམ་ཐང་ནས་ལྡི་ལི་དང་། ལྡི་ལིར་༸ཞབས་སོར་འཁོད་བསྟུན་རེ་ཌི་སན་གསོལ་མགྲོན་ཁང་དུ་སྐུ་ངལ་གསོ་གནང་མཛད་རྒྱུ་རྗེས། ཕྱི་ཚེས་ ༨ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཉི་ཧོང་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་ ༡༠ ནས་དབུ་འཛུགས་ཀྱིས་ཉིན་གྲངས་བཞིའི་རིང་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་ Osaka ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ International Convention Center ནང་ཉི་ཧོང་དང་། ཐེ་ཝན། སོག་པོ། སིན་གྷ་པུར་དང་ཀོ་རི་ཡ་བཅས་ཀྱི་དད་ལྡན་ཆོས་ཞུ་བ་ཚོར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་མ་ཟད། བཀའ་ཆོས་ཉིན་མཐའ་མར་འཇམ་དཔལ་དབྱངས་ཀྱི་རྗེས་སྣང་ཡང་བསྩལ་གནང་མཛད་རྒྱུ་ཡིན་འདུག
༸གོང་ས་མཆོག་གི་མཛད་འཕྲིན་རྣམས་ཏཱ་ལའི་བླ་མའི་དྲ་ལམ་བརྒྱུད་བརྙན་འཕྲིན་ལམ་ནས་ཐད་ཀར་རྒྱང་སྲིང་གནང་རྒྱུ་མ་ཟད། ཉི་ཧོང་དང་རྒྱ་སྐད། དེ་བཞིན་ཐེ་ཝན་སོགས་སྐད་ཡིག་དྲུག་ཙམ་གྱི་ཐོག་གསུང་སྒྱུར་ཞུ་རྒྱུ་ཡིན་འདུག སྤྱིར་༸གོང་ས་མཆོག་ཉི་ཧོང་དུ་ཆིབས་སྒྱུར་ཐེང་དང་པོ་དེ་ཕྱི་ལོ་ ༡༩༦༧ ལོར་ཡིན་པ་དང་། དེ་རྗེས་ད་ཐེངས་ཆིབས་བསྒྱུར་ཐེངས་ ༢༢ ཡིན་འདུག་པ་བཅས།།