ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །འཁོན་རིགས་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་༸སྐྱབས་མགོན་གོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༤ ཉིན་དཔལ་ལྡན་བཀའ་ཤག་གི་ཐུགས་གསོའི་གནས་འཕྲིན་ནང་འཁོད་དོན། འཁོན་རིགས་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་རྣམ་པ་དང་། བདག་མོ་སྐུ་ཞབས། སི་ཡ་ཀྲལ་ས་སྐྱ་དགོན་པའི་མཁན་ལས་བཅས་ཐུན་མོང་ལ། ཆེད་འབུལ། ད་ཉིན་ཆོས་རིགས་ལས་ཁུངས་དང་ས་སྐྱའི་སྤྱི་འཐུས་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་དོན། འཁོན་རིགས་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་༸སྐྱབས་མགོན་གོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་བར་ལམ་ཟླ་ཤས་གོང་ནས་སྐུ་ཁམས་བསྙུན་ཚུལ་བཞེས་ཏེ་དྭངས་སྐྱེད་ཆེར་མ་བྱུང་བ་དང་། ཉེ་སྔོན་༸སྐྱབས་མགོན་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་ངོ་ཕེབས་ཀྱིས་སྐུ་རིམ་དང་བརྟན་བཞུགས་ཟབ་འབུལ་ཞུས་པར་དགྱེས་ཚོར་ཆེན་པོ་མཛད་ཐོག་སྐུ་ཁམས་ཀྱང་ཅུང་ཟད་དྭངས་སྐྱེད་བཞེས་ཡོད་འདུག་རུང་།
ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༩ དགོང་དྲོ་ཆུ་ཚོད་ ༨ དང་སྐར་མ་ ༡༥ ཐོག་དགོངས་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་འདུག་པར། བོད་མིའི་སྒྲིག་འཛུགས་སྤྱི་དང་བཀའ་ཤག་གི་ཐོག་ནས་དེར་བཞུགས་འཁོན་གདུང་རྣམ་པ་དང་བདག་མོ་སྐུ་ཞབས་ཀྱིས་དབུས་སྐུ་འཁོར་དང་མཁན་ལས་ཡོངས་ལ་སྙིང་ནས་ཐུགས་གསོ་ཞུ་རྒྱུ་དང་། ༸སྐྱབས་མགོན་གོང་མ་བདག་ཆེན་རིན་པོ་ཆེ་དེ་ཉིད་ཀྱི་ཟག་མེད་ཐུགས་ཀྱི་དགོངས་རྣམས་ཡོངས་སུ་རྫོགས་ཤིང་། སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་འཁྲུལ་བྲལ་རིན་པོ་ཆེ་མྱུར་དུ་བྱོན་པའི་སྨོན་འདུན་དང་གསོལ་འདེབས་ཤུགས་དྲག་ཞུ་བཞིན་ཡོད། སང་ཕྱི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ལས་ཚང་མ་ལྷན་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་དང་། དེ་རྗེས་གཞུང་འབྲེལ་མྱ་ངན་གུས་བཏུད་མཚོན་ཕྱིར་སྒྲིག་འཛུགས་ལས་ཁུངས་ཁག་ལས་མཚམས་གཞག་རྒྱུ་ཡིན་པ་བཅས་དགོངས་མངའ་འཚལ། ཞེས་འཁོད་ཡོད།།