༢༠༡༦ ཟླ་ ༥ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༨ ནས་ཕྱི་ཚེས་ ༢༤ བར་བཅས་ཉིན་གྲངས་བདུན་རིང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་བིར་རི་སི་བེན་དུ་ཐེངས་བརྒྱད་པའི་བོད་ཀྱི་དུས་སྟོན་ཞེས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཐོག་ནས་གླུ་གར་སྤྲོ་ཚོགས་དང་། བགྲོ་གླེང་གླེང་སྟེགས་ཀྱི་ལས་རིམ་དང་ཟབ་སྦྱོང་། དེ་བཞིན་རྒྱ་གར་ནང་གི་བོད་ཁྱིམ་སློབ་ཕྲུག་ཁག་གི་སློབ་ཡོན་ཆེད་མ་དངུལ་བསྡུ་རུབ་གནང་བ་སོགས་བོད་ཀྱི་དུས་སྟོན་གཞི་རྒྱ་ཆེ་བ་ཞིག་སྲུང་བརྩི་གནང་ཡོད་འདུག དེ་ཡང་དུས་སྟོན་ཐོག་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕེབས་པ་དང་། སྐབས་དེར་ ཨོ་སི་ཊོ་ལི་ཡར་གནས་སྡོད་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་གཟིགས་འབུལ་ཞུས། གཞན་ཡང་སྐབས་དེར་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་བཀའ་སློབ་དང་། དེ་བཞིན་ས་ཁུལ་དེའི་བོད་མིས་གཙོས་འབྲུག་དང་འབྲས་ལྗོངས་བཅས་ཀྱི་མི་མང་རྣམས་ལའང་མཇལ་ཁ་གནང་ཡོད་འདུག
གཞན་ཡང་དུས་སྟོན་སྐབས་ཀྱི་སྐུ་མགྲོན་རྒྱལ་སྤྱིའི་ཐོག་ཁོར་ཡུག་སྲུང་སྐྱོབ་ཆེད་འཐབ་རྩོད་གནང་མཁན་གྲགས་ཅན་པ་ལྕམ་སྐུ་ཝན་ད་ན་ཤི་ཝ་ Dr. Vandana Shiva ལགས་ཀྱིས་གོ་ལ་འདིའི་སྟེང་ཞི་བདེ་སྐྲུན་དགོས་པ་དང་། བོད་ཀྱི་ཁོར་ཡུག་གླིང་ཆེན་ཨེ་ཤི་ཡར་ཇི་ཙམ་གལ་འགངས་ཆེ་ཚུལ་སོགས་ཀྱི་སྐོར་གསུང་བཤད་ཀྱང་གནང་།
དེ་བཞིན་དུས་སྟོན་ཐོག་ཨོ་སི་ཊོ་ལི་ཡེན་བོད་དོན་ལྷན་ཁང་ Australian Tibet Council གིས་གོ་སྒྲིག་འོག་བོད་ཀྱི་ཁོར་ཡུག་སྐོར་ཆེད་ལས་མི་སྣ་མགྲོན་འབོད་ཀྱིས་བགྲོ་གླེང་གླེང་སྟེགས་ཀྱི་ལས་རིམ་ཞིག་བཀོད་སྒྲིག་གནང་བའི་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་རིང་རྡོ་རྗེ་ལགས་དང་། ཁེ་ན་ཌའི་ཁོར་ཡུག་ཐོག་ཆེད་ལས་པ་མཁས་དབང་སྐུ་ཞབས་མི་ཤལ་བྷུག་ལེ་ Michael Buckley ལགས། གཞན་ཡང་མཁས་དབང་ཁག་གཅིག་བཅས་བགྲོ་གླེང་ཧ་ཅང་ལྷུག་པོ་གནང་ཡོད་པ་མ་ཟད། བསྟན་འཛིན་ཚེ་བརྟན་ལགས་ཀྱིས་བཟོ་སྐྲུན་གནང་བའི་ Bringing Tibet Home ཞེས་པའི་གློག་བརྙན་ཞིག་གཟིགས་འབུལ་དང་སྒྱུ་རྩལ་འགྲེམས་སྟོན་སོགས་གནང་ཡོད་འདུག དེ་མཚུངས་བོད་ཀྱི་དུས་སྟོན་འགན་འཛིན་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་དང་ཨོ་སི་ཊོ་ལོ་ཡའི་གཞས་སྣ་རུ་ཁག་ཁག་གཅིག བོད་རིགས་གཞས་པ་གཞས་མ་བཅས་ཀྱིས་གླུ་དབྱངས་ལེན་པ་སོགས་ཀྱི་དུས་སྟོན་རྒྱས་པ་ཞིག་སྲུང་བརྩི་གནང་ཡོད་པ་བཅས། །