༢༠༡༦ ཟླ་ ༤ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །སྦར་ཛིལ་རྒྱལ་ས་སོ་པོ་ལོའི་ནང་རྟེན་གཞི་བྱས་པའི་མ་སུ་བྷ་རའི་གསོལ་མགྲོན་ཁང་དུ་ Hotel Matsubara in Sao Paolo City བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་གོམས་སོགས་སྔར་ལྷག་རྒྱུས་མངའ་ཡོང་ཆེད་མཁས་དབང་གདན་ཞུས་ཀྱིས་གསུང་བཤད་ལས་རིམ་གོ་སྒྲིག་གནང་དང་གནང་བཞིན་པར་བརྟེན། ཐེངས་འདིར་གསུང་བཤད་ལས་རིམ་ཐེངས་གསུམ་པ་དེ་བཞིན་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༥ ཉིན་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་ཨ་རིའི་ཊེག་ས་སི་གཙུག་ལག་སློབ་གཉེར་ཁང་ University of Texas གི་སྨན་གྱི་སྡེ་ཚན་ནས་འབྲས་ནད་ཉམས་ཞིབ་ཚོགས་ཆུང་གི་ངེས་སྟོན་པ་མཁས་དབང་སྐུ་ཞབས་ཨ་ལི་ཇེན་ཌོ་ Alejandro ལགས་ཆེད་འབོད་གནང་ནས་ཁོང་གིས་སྐབས་དེར། རང་ཉིད་བོད་པའི་ཆོས་དང་རིག་གཞུང་ཐོག་རྒྱུས་མངའ་ཇི་བྱུང་དང་། བོད་ཀྱི་རྩ་རླུང་སྒོམ་སྒྲུབ་དང་བོད་སྨན་བཅས་ཀྱི་སྐོར་གསུང་བཤད་གནང་བ་མ་ཟད། ཁོང་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་ཐེངས་དང་པོར་ཧི་མཱ་ལ་ཡི་རི་རྒྱུད་ལ་དྭགས་དང་རྡ་རམ་ས་ལར་བསྐྱོད་དེ་༸གོང་ས་མཆོག་མཇལ་ཁ་ཞུས་མྱོང་བའི་ལོ་རྒྱུས་དང་།
ཕྱི་ལོ་ ༡༩༩༢ ལོར་༸གོང་ས་མཆོག་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་ཨར་ཇེན་ཊི་ནར་ཆིབས་སྒྱུར་ཐེངས་དང་པོ་བསྐྱང་སྐབས་ཁོང་ལ་བོད་ཀྱི་ཆོས་དང་གསོ་བ་རིག་པའི་སྐོར་དོ་སྣང་ཤུགས་ཆེ་བསླེབ་སྐྱེ་འགོ་ཚུགས་སྐོར་གྱི་ལོ་རྒྱུས།
དེ་བཞིན་བོད་ཀྱི་གསོ་བ་རིག་པའི་དམིགས་བསལ་ཁྱད་ཆོས་ནི་ལུས་ཀྱི་ནད་གཞི་བཅོས་ཐབས་ཙམ་མིན་པར་སེམས་ངལ་སོགས་ནང་གི་བསམ་བློ་དང་འབྲེལ་བའི་དཀའ་ངལ་དེ་དག་ཀྱང་སེལ་ཆེད་ཕན་ཐོགས་ཧ་ཅང་ཡོད་སྐོར། ལུས་སེམས་གཉིས་དབར་འབྲེལ་བ་ཆེན་པོ་ཡོད་པ་བཞིན་དེང་སྐབས་རིག་གསར་ཚན་རིག་དང་ནང་ཆོས་དབར་ལུས་སེམས་གཉིས་ཀྱི་ལྟོས་འབྲེལ་བཞིན་འབྲེལ་བ་ཤུགས་ཆེ་ཡོད་སྐོར། དེ་མཚུངས་ཁོང་ཉིད་གཙུག་ལག་སློབ་ཁང་དུ་འགྲོ་བ་མིའི་རིན་ཐང་དང་སྨན་སོགས་ཀྱི་སྐོར་ཕྱག་ལས་གནང་སྐབས་མྱོང་ཚོར་ཇི་བྱུང་། ལྷག་པར་བོད་ཀྱི་སྲོལ་རྒྱུན་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་བྱས་པ་དེ་བཞིན་མི་ཚེའི་ནང་སེམས་ངལ་རིགས་ཀྱི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཡོད་པ། དེ་བཞིན་ MD Anderson Cancer Center ནང་འབྲད་ནད་རྣམས་ལ་རྩ་རླུང་སྒོམ་སྒྲུབ་ཀྱི་ཉམས་ལེན་བྱས་པ་བརྒྱུད་ནད་གཞི་དེར་གདོང་ལེན་བྱ་རྒྱུར་ཕན་ཐོགས་ཇི་བྱུང་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་རྗེས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཀྱིས་སྦར་ཛིལ་སྐུ་ཚབ་དོན་ཁང་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་ཏེ་ཐེངས་དེའི་ལས་རིམ་ལེགས་པར་མཇུག་སྒྲིལ་ཡོད་འདུག་པ་བཅས། །