༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༠ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་ནིའུ་ཡོཀ་གསར་འགྱུར་བརྙན་འཕྲིན་ལས་ཁང་ (NBC) ཞེས་པའི་གསར་འགྱུར་གཙོ་སྐྱོང་བ་ལྕམ་ཨན་ཀར་རེ་ (Ann Curry) ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེད་དོན་དྲི་བ་ཞུས་པར་བཀའ་ལན་མཛད་པའི་མཛད་རིམ་ཞིག་བརྙན་འཕྲིན་ཐོག་རྒྱང་སྲིང་ཞུས་ཡོད།
སྐབས་དེར་གསར་འགྱུར་གཙོ་སྐྱོང་བས་༸གོང་ས་མཆོག་གིས་འགྲོ་བ་མི་སྤྱི་ཡོངས་ཀྱི་ཆ་ནས་བལྟས་ན་མི་རྣམས་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་བཀའ་སྩལ་ཡང་། དེང་འཛམ་གླིང་ནང་བཟོད་སྒོམ་མེད་པའི་གནས་ཚུལ་མང་པོ་འབྱུང་བཞིན་པ་དེར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། འཛམ་གླིང་ནང་དཀའ་ངལ་དེ་དག་འཕྲད་པ་དེ་གནས་སྐབས་ཀྱི་དཀའ་ངལ་རེད། རྒྱ་ཆེ་ས་ནས་བཤད་ན་དུས་རབས་ ༢༠ ལས་དུས་རབས་ ༢༡ པའི་མི་རྣམས་བྱམས་བརྩེ་དང་བདེ་སྐྱིད་ཆེ་བ་ཡོད། འཛམ་གླིང་ནང་དཀའ་ངལ་མང་པོ་ཞིག་མིས་བཟོས་པ་ཡིན་ཙང་དེ་མིས་སེལ་ཐུབ་པ་ནི་ཆོས་ཉིད་རེད། རང་བྱུང་འཇིག་པའི་དཀའ་ངལ་དེ་དག་གནས་ཚུལ་ཐ་དད་རེད། ཉེ་ལམ་ཧེ་ཊི་ནང་ས་ཡོམ་གྱི་གོད་ཆག་བྱུང་སྐབས་དང་། དེ་བཞིན་མཚོ་རླབས་ཀྱི་འཇིག་པ་སོགས་བྱུང་སྐབས་འཛམ་གླིང་གི་ཕྱོགས་ཚང་མའི་མི་མང་ཚོས་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་པོ་བྱས་ཡོད། དུས་རབས་ ༢༠ པའི་འགོ་སྟོད་ཙམ་ལ་མི་ཚོར་བསམ་ཤེས་དེ་ཙམ་ཧ་ལམ་མེད་པ་ལྟ་བུ་ཞིག་ངོས་ལ་མཐོང་ཚུལ་དེ་འདྲ་ཞིག་བྱུང་། དེ་རིགས་ཀྱི་གནས་ཚུལ་དེ་དག་བཟང་ཕྱོགས་ཀྱི་རྣམ་པ་རེད། འཛམ་གླིང་ནང་རྙོག་གྲ་དང་དཀའ་ངལ་བཟོ་མཁན་མི་རེ་ཟུང་དེ་འདྲ་རྒྱུན་དུ་ཡོང་གི་ཡོད། གནས་ཚུལ་དེ་རིགས་ཉུང་ཤས་ཡིན་སྟབས་བཟང་ཕྱོགས་སུ་བསྐྱོད་མཁན་འགྲོ་བ་མི་བྱིངས་ཀྱི་རྣམ་པ་མཚོན་མི་ཐུབ། གསར་འགྱུར་བརྒྱུད་ལམ་ནང་མིའི་བྱ་སྤྱོད་བཟང་པོ་དེ་རྣམས་སྣང་མེད་དུ་བཞག་ནས་བྱ་སྤྱོད་ངན་པའི་རིགས་རྣམས་ཆེད་མངགས་རྒྱ་ཁྱབ་ཀྱིས་ཕྱིར་བསྒྲགས་བྱེད་བཞིན་ཡོད་པར་བརྟེན། གསར་འགོད་པ་ཚོར་མིའི་ལྟ་ཕྱོགས་ལ་འགྱུར་བ་གཏོང་རྒྱུའི་འགན་ཞིག་ཡོད་ཅེས་བཀའ་ལན་སྩལ། དེ་བཞིན་སྐྱེ་རྒུ་མདོའི་ས་ཡོམ་དང་འབྲེལ་བའི་དྲི་བར། མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། སྐབས་དེར་ངོས་རང་དངོས་སུ་ས་གནས་དེར་ཕྱིན་ནས་སྨོན་ལམ་གདོན་རྒྱུའི་མཚོན་སེམས་གསོ་བྱེད་ཐུབ་ན་བསམས་པ་དྲན་བྱུང་། དཀའ་ངལ་དེ་རིགས་འཕྲད་སྐབས་ངོས་རང་རྒྱུན་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ནང་། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགར་སུ་ཞིག་ཡོད། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན། ཞེས་གསུངས་པ་དེ་དྲན་གསོ་བྱེད་ཀྱི་ཡོད། ཀུན་སློོང་ཡག་པོ་ཞིག་འཁྱེར་ཐུབ་ན་འཛམ་གླིང་གི་གནས་སྟངས་བཟང་དུ་འགྲོ་ངེས་ཡིན་ཞེས་སོགས་ཀྱི་བཀའ་ལན་སྩལ་ཡོད།།