༢༠༡༦ ཟླ་ ༤ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༦ ཉིན་རྡ་སའི་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྐབས་དང་པོའི་གཙུག
་ལག་རབ་འབྱམས་པ་དང་སྐབས་བཅོ་ལྔ་པའི་མཐོ་རིམ་རིག་གནས་རབ་འབྱམས་པ། དེ་བཞིན་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་དགེ་བཤེས་བཅས་ཀྱི་བསླབ་པ་མཐར་སོན་གསུམ་འཛོམས་ཀྱི་མཛད་སྒོ་རྒྱས་པ་ཞིག་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་རྡ་ས་རིག་སློབ་དང་ས་རཱ་མཐོ་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི། དྲུང་ཆེ་བཅས་ནས་སྤོས་སྣེ་སྔོན་བསུས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སློབ་གཉེར་ཁང་གི་ཚོགས་ཁང་ནང་གདན་འདྲེན་ཞུས་ཡོད། ཐེངས་འདིའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ཆོས་རིག་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས། རིགས་ལམ་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་དམ་ཆོས་ལགས། རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། གཞན་ཡང་བཞུགས་སྒར་ཁུལ་གྱི་གནད་ཡོད་མི་སྣ་དང་ཆོས་སྡེ་ཁག་གི་སྐུ་ཚབ། དེ་བཞིན་ས་རཱ་མཐོ་སློབ་ཀྱི་དགེ་སློབ་དང་སློབ་ཟུར། ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་ལྷན་འཛོམས་གནང་ཡོད། མཛད་སྒོའི་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་རིགས་སློབ་མ་ལག་གི་མཁན་པོ་དང་། མཚན་ཉིད་མཁན་སྤྲུལ་རིན་པོ་ཆེ། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འུར་འདོན་གནང་བ་དང་སྦྲགས། རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་རྗེས་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཕེབས་བསུ་དང་ལྷན་ལས་བསྡོམས་སྙན་སེང་ཞུས། དེ་ནས་ཆོས་རིག་བཀའ་བློན་མཆོག་གིས་རྡ་ས་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་དགེ་བཤེས་སློབ་ཐོན་པ་རྣམས་ལ་རིས་མེད་དགེ་བཤེས་ཀྱི་ཕྱག་ཁྱེར་དང་རིགས་སློབ་མ་ལག་གཉིས་ལ་ལོ་ངོ་ཉི་ཤུ་ཡན་ཞབས་ཕྱི་ཞུ་མཁན་རྣམས་ལ་ཕྱག་ཁྱེར་གནང་། དེ་བཞིན་ཤེས་རིག་བཀའ་བློན་མཆོག་གིས་གཙུག་ལག་རབ་འབྱམས་པ་དང་། མཐོ་རིམ་རིག་གནས་རབ་འབྱམས་པའི་བསླབ་པ་མཐར་སོན་གྱི་སློབ་མ་རྣམས་ལ་ཕྱག་ཁྱེར་གནང་གྲུབ་རྗེས་བཀའ་བློན་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་འདིར་ཆེད་དུ་གཉེར་ནས་དོན་གྱི་བདག་པོ་ལྟ་བུ་བསླབ་པ་མཐར་སོན་པ་མང་པོ་ཞིག་གིས་༸སྐྱབས་མགོན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ནས་ཕྱག་ཁྱེར་བཞེས་གནང་པ་དེ་ཧ་ཅང་གི་བཀྲ་ཤིས་པའི་ཉིན་མོ་ཞིག་ཆགས་ཡོད་པ་མ་ཟད། སྒེར་གྱི་མི་ཚེའི་ནང་དུས་རྟག་ཏུ་ངོམས་སུ་ཆོག་པའི་དུས་ཚོད་ཅིག་ཡིན།
ངའི་ངོས་ནས་རྣམ་པ་ཚོར་དམིགས་བསལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་དང་། མུ་མཐུད་བཀའ་བློན་མཆོག་གིས་༸གོང་ས་མཆོག་གི་དེ་སྔོན་ནས་རིགས་གཅིག་རྐང་འཛིན་ཐོག་ཤུགས་བརྒྱབ་དགོས་པའི་བཀའ་སློབ་གཞིར་བཟུང་སློབ་མ་ཚོས་གཙུག་ལག་རབ་འབྱམས་པ་དང་། དེ་བཞིན་འབུམ་རམས་པ་བཅས་ཀྱི་ཐོག་སློབ་གཉེར་གནང་རྒྱུ་གལ་ཆེ་ཡིན་པ། དོན་དངོས་ང་ཚོས་ཤེས་ཡོན་སྤུས་ཚད་ལྡན་པ་ཞིག་དགོས་གལ་ཆེ་བར་བརྟེན། ཤེས་ཡོན་ཚད་མཐོན་པོ་དང་སྤུས་ཚད་ལྡན་པ་ཞིག་ཡོང་བར་འབད་བརྩོན་གནང་དགོས་པ། ད་བར་ཤེས་རིག་ལས་ཁུངས་ནས་མཐོ་རིམ་རིག་གནས་རབ་འབྱམས་པའི་ཞབས་སྟེགས་བཅོ་ལྔ་དང་། གཙུག་ལག་རབ་འབྱམས་པར་གཉིས་བཅས་སློབ་ཡོན་ཕུལ་བ་དང་མ་འོངས་པར་འབུམ་རམས་པ་དང་གཙུག་ལག་རབ་འབྱམས་པ་བཅས་ལ་ཤེས་རིག་ལས་ཁུངས་ནས་སློབ་ཡོན་མཐུན་རྐྱེན་སྦྱར་རྒྱུ་ཡིན་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་བཞིན་ཤེས་ཡོན་གལ་ཆེར་འཛིན་ཞིང་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ལ་བཀའ་དྲིན་ཆེ་བའི་རིགས་ལམ་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་རྗེས་དྲན་དང་ཆབས་ཅིག་བཀའ་དྲིན་ཆེན་པོ་ཡིན་སྐོར།
ས་རཱ་མཐོ་སློབ་ནི་དམིགས་བསལ་བ་ཞིག་ཡིན་པ་དང་། མཐོ་སློབ་འདིའི་ནང་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱི་སློབ་སྦྱོང་བྱེད་རྒྱུ་ཡོད་པ་དང་ནང་ཆོས་ཐོག་ནས་འབུམ་རམས་བར་དུ་སློབ་སྦྱོང་བྱེད་རྒྱུ་ཡོད་པ། བོད་མིའི་སྒྲིག་འཛུགས་དང་ལྷག་པར་ཤེས་རིག་ལས་ཁུངས་ཀྱི་ལས་དོན་ཐོག་དགེ་རྒན་འོས་སྦྱོང་ལ་སོགས་པའི་མཐུན་འགྱུར་རམ་འདེགས་གནང་མཁན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་བྱུང་ཡོད་སྐོར། བཀའ་བློན་མཆོག་ཤེས་རིག་དྲུང་ཆེ་དང་དེ་ནས་ཤེས་རིག་བཀའ་བློན་གནང་བའི་རིང་༸རྒྱལ་བའི་བཀའ་དགོངས་བསྒྲུབ་རྒྱུའི་ཆོད་སེམས་ཡོད་ཐོག ཕྱི་ལོ་ ༢༠༡༢ ནས་སློབ་གྲྭ་ཁག་གི་ནང་རིགས་ལམ་འདུ་འཛོམས་གནང་བ་དང་རིགས་ལམ་ཐོག་འབད་བརྩོན་གནང་ཡོད་སྐོར། དེ་བཞིན་ཤེས་རིག་ལས་ཁུངས་ཀྱིས་འགན་རྐང་བཞེས་ཐོག ད་བར་རིགས་གཅིག་རྐང་འཛིན་ཐོན་པ་བཞི་བཅུ་ཞེ་གཅིག སྒྲིག་ཞུགས་ནང་འབུམ་རམས་པའི་ཐོག་སློབ་སྦྱོང་བྱེད་བཞིན་པ་སློབ་མ་སུམ་ཅུ་སོ་གཉིས། ཉེ་བའི་འབུམ་རམས་པ་སློབ་སྦྱོང་བྱས་པ་སུམ་ཅུ། བོད་ཀྱི་ཆོས་དང་རིག་གཞུང་སོགས་བརྗོད་གཞི་སྣ་མང་ཐོག་སོ་སོ་སྒེར་གྱི་ཉམས་ཞིབ་བྱས་པའི་སྒྲིག་ཞུགས་མ་ཡིན་པའི་སློབ་མ་བཞི་བཅུ་ཞེ་གསུམ་ཡོད་པ་བཅས་སྙན་སེང་ཞུས།
དེང་སྐབས་བོད་མི་རྣམས་ལ་ཕྱི་མི་རྣམས་ཀྱིས་བོད་པ་ཞེས་བརྗོད་དུས་ཆེ་མཐོང་དམིགས་བསལ་ཞིག་ཡོད་པ་ནི་༸གོང་ས་མཆོག་གི་བཀའ་དྲིན་ཁོ་ན་ཡིན་མ་ཟད། བོད་མི་རྣམས་བཅན་བྱོལ་མི་ཡུལ་དུ་འཚོ་གནས་ཐུབ་པ་དེ་ཡང་༸གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ཡིན་པར་བརྟེན། ༸གོང་ས་མཆོག་སྐུ་ཚེ་རིང་དུ་བཞུགས་རྒྱུ་ནི་ཧ་ཅང་གི་གལ་གནད་ཅན་ཞིག་ཡིན་པར་བརྟེན་༸གོང་ས་མཆོག་སྐུ་ཚེ་རིང་དུ་བརྟན་རོགས་གནང་ཞེས། བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས། དེ་བཞིན་བཀའ་བློན་སྒེར་གྱིས་གསོལ་འདེབས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་གྲུབ་མཚམས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་རིགས་ལམ་སློབ་གཉེར་ཁང་ནས་འདོན་སྤེལ་གནང་བའི་ལྷག་བསམ་བརྩེགས་པའི་དུས་དེབ་དང་ཚན་རིག་གི་འོད་སྡེར་བཅས་དབུ་འབྱེད་བཀའ་དྲིན་ཆེ་གནང་མཛད་དེ་བཀའ་སློབ་སྩལ། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བསླབ་པ་མཐར་སོན་པ་རྣམས་ལྷན་དུ་སྐུ་པར་བསྒྲོན་པ་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཞིང་གཤེགས་དབུ་དགེ་དམ་པ་མཁས་དབང་རྒན་བློ་བཟང་རྒྱ་མཚོ། ཞེས་པའི་དཔེ་མཛོད་ཁང་ལ་རབ་གནས་བཀའ་དྲིན་ཆེ་གནང་མཛད་དེ་བཞུགས་སྒར་ཕོ་བྲང་དུ་ཆིབས་ཞལ་བསྒྱུར་ཡོད་པ་བཅས། །