༢༠༡༦ ཟླ་ ༤ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༣ ཉིན་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་འདུ་ཉིན་གཉིས་པའི་ཚོགས་དུས་དང་པོའི་གཙོ་སྐྱོང་བ་ཧོང་ཀོང་གི་དུས་དེབ་རྩོམ་སྒྲིག་པ་ལྕམ་ཚའེ་ཡོང་མིན་ལགས་ཀྱིས་གནང་བ་དང་། ཧོང་ཀོང་གྲོང་ཁྱེར་སློབ་ཆེན་དགེ་ཆེ་ཟུར་པ་ལིའུ་ཧན་གྲེང་ལགས་ནས། རྒྱ་ནག་གི་ཡིག་ཆ་རྙིང་པ་དང་གཞུང་འབྲེལ་ཡིག་ཆའི་ཐོག་ནས་རྒྱ་བོད་འབྲེལ་ལམ་དཔྱད་གླེང་སྟེ་བོད་ནི་དུས་ནམ་ཡང་རྒྱ་ནག་གི་མངའ་ཁོངས་ཤིག་མིན།
ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་པའི་ལོ་རྒྱུས་དེ་དག་ཧམ་བཤད་དང་ལོག་འགྲེལ་ཡིན་པ་དང་། བོད་དེ་ཐད་ཀར་རྒྱ་ནག་གཞུང་གི་འཛིན་སྐྱོང་འོག་ནམ་ཡང་ཚུད་མྱོང་མེད་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་དེ་རྒྱ་ཁོངས་སམ་རྒྱ་ནག་གི་ཆ་ཤས་ཤིག་ཡིན། ཟེར་བ་ནི་རྩ་བ་ནས་བདེན་པ་མ་རེད། ཅེས་རྒྱ་ཡིག་གི་ལོ་རྒྱུས་ཡིག་རྙིང་ཁག་ལུང་འདྲེན་ཐོག་ཁུངས་སྐྱེལ་ར་སྤྲོད་ཧ་ཅང་གསལ་པོ་གནང་ཡོད། དེ་ཡང་སྐུ་ཞབས་ལིའུ་ཧན་གྲེང་ལགས་ཀྱིས་གཙོ་བོ་མིང་རྒྱལ་རབས་དང་། མན་ཇུ་རྒྱལ་ཪབས་དཔེ་མཚོན་དྲངས་ཏེ་སྐབས་དེའི་ས་ཁྲ་དང་། ཁྱིམ་དུད་གྲངས་འབོར་སོགས་ཀྱི་ཡིག་ཆའི་ཐོག་ནས་ལུང་དང་རིགས་པའི་སྒོ་ནས་བོད་ནམ་ཡང་རྒྱལ་རབས་དེ་དག་གི་མངའ་ཁོངས་སམ་ཆ་ཤས་ཤིག་ཏུ་ནམ་ཡང་གྱུར་མྱོང་མེད་པའི་དཔེ་མཚོན་མང་པོ་ར་སྤྲོད་གནང་སྐབས་དུས་ཚོད་ཀྱི་ཆ་ནས་འདི་གར་མཚམས་འཇོག་ཞུས་ན་གསུངས་པར། ཚོགས་ཞུགས་ཡོངས་ནས་ཐལ་མོ་བརྡབས་ཏེ་མུ་མཐུད་གསུངས་རོགས་ཞེས་འབོད་སྐུལ་གནང་།
དེ་ནས་ཚོགས་དུས་གཉིས་པའི་ཐོག་གངས་ལྗོངས་དཔེ་སྐྲུན་ཁང་གི་འགན་འཛིན་ལའེ་གཡུས་ཉིང་ལགས་ཀྱིས་གཙོ་སྐྱོང་གནང་བའི་ཐོག་སངས་རྒྱས་སྐྱབས་ལགས་ཀྱིས་བོད་དོན་རྩོམ་ཡིག་ཕྱོགས་སྒྲིག་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་གནང་བ་དེབ་མིང་དུར་ཁྲོད་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་། རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་དང་། ལྕམ་ཐང་ཏན་ཧུང་ལགས་ནས་དཔེ་དེབ་དང་འབྲེལ་བའི་ངོ་སྤྲོད་གཏམ་བཤད་གླེང་མོལ་གནང་ཡོད།
ཕྱི་དྲོ་ཚོགས་ཆུང་ཁག་བགོས་ཀྱི་བགྲོ་གླེང་ཡིན་ཞིང་། གཙོ་བོ་བརྗོད་གཞི་ཁག་བཞི་སྟེ།
༡)བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ།
༢)བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་།
༣)བོད་ཀྱི་ཁོར་ཡུག་སྲུང་སྐྱོབ།
༤)རྒྱ་ནག་གི་མི་རིགས་གནད་དོན་དང་མི་རིགས་སྲིད་བྱུས་བཅས་ཀྱི་ཐོག་བགྲོ་གླེང་ལྷུག་པོ་གནང་།
གཞན་ཡང་འདི་ཚེས་ ༢༢ ཕྱི་དྲོ། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་གཉིས་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སུའུ་ཅཱ་ཇོན་ལགས་དང་མཇལ་མོལ་གནང་སྐབས། དྲུང་ཆེ་བསོད་ནམས་ནོར་བུ་ལགས་ཀྱིས་གསུངས་དོན། སྐུ་ཉིད་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་དང་ཐེ་ཝན་དབར་བཟང་པོའི་འབྲེལ་ལམ་ཞིག་བཙུགས་ཐུབ་པ་བྱུང་ཡོད། བཟང་པོའི་འབྲེལ་ལམ་དེ་དག་མུ་མཐུད་རྒྱུན་སྐྱོང་དང་ཡར་རྒྱས་ཡོང་བའི་རེ་བ་ཡོད་ཅེས་གསུངས།།