༢༠༡༦ ཟླ་ ༤ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཐེ་ཝན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༣ དགོང་དྲོ། རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཐོག་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་བོད་པའི་གཞོན་སྐྱེས་མི་གྲངས་ ༡༥ ཡོད་པ་རྣམས་ཟུར་དུ་མཉམ་འཛོམས་གནང་སྟེ་དམིགས་བསལ་བརྗོད་གཞི་མེད་པའི་ཐོག་ཕན་ཚུན་བགྲོ་གླེང་གནང་ཡོད། བགྲོ་གླེང་ཐོག་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཚེ་རྒྱམ་ལགས། ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས། ཕྱི་འབྲེལ་རྒྱ་ཡིག་ཚན་པའི་འགན་འཛིན་བསོད་ནམས་རྡོ་རྗེ་ལགས་བཅས་མཉམ་ཞུགས་གནང་ཡོད། ཐོག་མར་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཕྱི་རྒྱལ་ནས་ཡོང་བའི་བོད་ཕྲུག་གཞོན་སྐྱེས་ཚོ་དང་མཉམ་དུ་འཛོམས་ཏེ་ཕན་ཚུན་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་དོན། དེ་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་སློབ་སྦྱོང་སོགས་གནང་བཞིན་པ་དང་། རྒྱ་སྐད་ཤེས་མཁན་གྱི་གཞོན་སྐྱེས་རྣམས་ལ། རྒྱ་མི་རིགས་ལ་འབྲེལ་ལམ་བྱས་པའི་ཉམས་མྱོང་ཐོག་ནས་ཞུ་རྒྱུར། ཁྱེད་རང་ཚོ་རང་རང་བཞུགས་ཡུལ་ས་གནས་ཁག་ལ་ལོག་ཕེབས་རྗེས། རྒྱ་མི་རིགས་དང་ཐུགས་འཕྲད་ཡོང་གི་རེད། བོད་པའི་གནས་ཚུལ་ཤེས་མཁན་དང་ཡང་རྒྱ་ནག་གཞུང་གིས་གང་བཤད་པ་དེར་ཡིད་ཆེས་བྱས་ནས་འགྲོ་མཁན་དེ་འདྲའང་ཐུག་གི་རེད། ཕན་ཚུན་འབྲེལ་བ་བྱེད་པའི་སྐབས་རྒྱ་རིགས་ལ་རྩོད་པ་མ་བརྒྱབ་པར། ག་ལེར་ག་ལེར་བོད་པའི་དངོས་ཡོད་གནས་སྟངས་འགྲེལ་བཤད་བརྒྱབ་པ་ཡིན་ན། རིམ་པས་བོད་པའི་གནས་སྟངས་རྒྱུས་ལོན་བྱེད་ཐུབ་རྒྱུ་རེད། ཅེས་སོགས་གསུངས།
དེ་རྗེས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ངོ་སྤྲོད་གནང་བ་དང་སྦྲགས་གསུང་དོན། རྒྱ་མི་རིགས་ལ་འབྲེལ་བ་བྱ་རྒྱུ་དེ་གནད་འགག་དང་གལ་ཆེན་པོ་ཞིག་ཆགས་ཡོད། རྒྱ་རིགས་མང་བའི་ཕྱིའི་རྒྱལ་ཁབ་ཁག་གསུམ་ནང་དམིགས་བསལ་རྒྱ་རིགས་འབྲེལ་མཐུད་པ་བསྐོ་གཞག་བྱས་ཡོད། ཕྱི་སྡོད་རྒྱ་རིགས་རྣམས་ལ་འབྲེལ་བ་བྱ་རྒྱུ་དེ་རྒྱ་ཆེན་པོ་ཡིན་པས། འབྲེལ་མཐུད་པ་གསུམ་དང་རྒྱ་ཡིག་ལས་དོན་དང་འབྲེལ་བའི་ལས་བྱེད་ཚོས་མ་འདང་པ་ཏན་ཏན་ཡོད། ཁྱེད་ཚོ་བོད་ཀྱི་མི་རབས་གསར་པ་ཡིན་པ་དང་། དེང་དུས་ཀྱི་ཤེས་ཡོན་ཡག་པོ་ཐོབ་ཡོད། མ་འོངས་པའི་བོད་ཀྱི་གནད་དོན་ཐོག་ཁྱེད་རང་ཚོར་རྡོག་ཁྲེས་ཤིག་ཡོད། ང་ཚོའི་མི་རབས་འདིས་མི་ཚེ་མཐའ་སྐྱེལ་ཏེ་འཐབ་རྩོད་བྱེད་ཀྱི་རེད། བོད་པའི་ཁ་རྒྱུན་ལ་ཡོད་པ་ལྟར་རྡོ་ལག་བརྒྱུད་ཀྱིས་ང་ཚོའི་ཉམས་མྱོང་ཁྱེད་ཚོར་བཤད་ནས་ཁྱེད་ཚོས་འགན་ཁུར་རྒྱུ་གལ་ཆེན་པོ་རེད། ད་ཆ་བོད་ཆགས་དང་འཇིག་སྟེ་མི་རིགས་རྩ་མེད་ཀྱི་ཉེན་ཁའི་དུས་ཚོད་ལ་བསླེབས་ཡོད་པས། མི་རིགས་ཤིག་གསོན་པར་མི་རིགས་དེའི་ཆོས་དང་རིག་གཞུང་གནས་ཐབས་བྱ་རྒྱུ་དེ་ཆེས་གལ་གནད་ཆེ་བ་ཡིན་ཞེས་སོགས་ཀྱི་མྱོང་ཚོར་ཟབ་མོ་ངོ་སྤྲོད་གྲུབ་རྗེས། གཞོན་སྐྱེས་ཚོའི་དོགས་འདྲི་ཁག་ལ། དྲུང་ཆེ་བསོད་ནམས་ནོར་བུ་ལགས་དང་། དྲུང་ཆེ་ཚེ་རྒྱམ་ལགས། དོན་གཅོད་ཟླ་བ་ཚེ་རིང་ལགས་བཅས་ནས་ལན་འདེབས་གསལ་བཤད་ཀྱང་གནང་།
གཞན་ཡང་སྔ་ལོ་ཕྱི་དྲིལ་རྒྱ་ཡིག་ཚན་པའི་ལོ་འཁོར་ཚོགས་འདུར་མཉམ་ཞུགས་གནང་མཁན་ཕྱི་རྒྱལ་དུ་གནས་སྡོད་བོད་མི་གཞོན་སྐྱེས་གསུམ་གྱིས་སྤེལ་བའི། ཕྱི་རྒྱལ་ལ་ཡོད་པའི་བོད་མི་གཞོན་སྐྱེས་ཚོའི་ནུས་པ་གཅིག་ཏུ་སྒྲིལ་ནས་རྒྱ་རིགས་གཞོན་སྐྱེས་རྣམས་ལ་ཕན་ཚུན་འབྲེལ་ལམ་དང་། བསམ་ཚུལ་བརྗེ་ལེན་གྱི་ལས་གཞི་སྤེལ་རྒྱུའི་ལས་འཆར་དེ་མཇུག་སྐྱོང་ཡོང་ཆེད། ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་བོད་མི་གཞོན་སྐྱེས་རྣམས་ཟུར་དུ་མཉམ་འཛོམས་གནང་སྟེ་བགྲོ་གླེང་ལྷུག་པོ་བྱས་པ་བརྒྱུད། ན་གཞོན་བོད་རྒྱའི་འབྲེལ་ཟམ་གླེང་སྟེགས། ཞེས་པ་གསར་འཛུགས་ཀྱིས་མ་འོངས་ད་ལྟའི་ཚོགས་མི་རྣམས་རང་རང་ས་གནས་སུ་ཕྱིར་ཕེབས་རྗེས་མུ་མཐུད་བོད་རྒྱའི་འབྲེལ་ལམ་གྱི་ལས་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་པ་དང་། ཐེངས་འདིར་ནང་ཁུལ་གྱི་བགྲོ་གླེང་ཚོགས་འདུར་སྤྱི་མོས་བྱུང་བ་ལྟར་ཐེ་ཝན་དུ་གནས་སྡོད་བཀྲ་ཤིས་ལགས་དང་། ཨ་རིར་གནས་སྡོད་ཚུལ་ཁྲིམས་རྒྱ་མཚོ་ལགས་འབྲེལ་མཐུད་པའི་འགན་འཁུར་གནང་སྟེ་གཤམ་གསལ་ལས་འཆར་ཁག་བསྒྲུབ་རྒྱུ།
༡༽ ས་གནས་རྒྱ་རིགས་རྣམས་ལ་འབྲེལ་བ་ཞུས་ཏེ། བོད་རིགས་རྣམས་ལ་རྒྱ་བོད་འབྲེལ་ལམ་གལ་ཆེའི་རང་བཞིན་ཤེས་རྟོགས་གོང་སྤེལ་གྱི་གཏམ་བཤད་ལ་གདན་ཞུ།
༢༽ བོད་རིགས་ན་གཞོན་ཁྲོད་ནས་བོད་རྒྱའི་འབྲེལ་ལམ་དང་ཤེས་རྟོགས་ཡོད་མཁན་རྣམས་ནས་ལས་འགན་བཞེས་ཏེ་རྒྱ་བོད་གཉིས་ཀྱི་སྤྱི་ཚོགས་ལ་རྒྱ་བོད་འབྲེལ་མོལ་གལ་ཆེ་ཡིན་སྐོར་བརྒྱུད་སྤེལ་བྱ་རྒྱུ།
༣༽ ན་གཞོན་བོད་རྒྱའི་འབྲེལ་ཟམ་ངོས་ནས་ཚོགས་ཆུང་ངམ། དྲྭ་རྒྱའི་གླེང་སྟེགས་ཤིག་བཙུགས་ནས་རྒྱ་རིགས་ཕྱོགས་ནས་འདྲི་བ་ཡོང་སྐབས་ནང་ཁུལ་གོ་བསྡུར་དང་། མཁས་དབང་གདན་འདྲེན་ཞུས་ནས་ལན་འདེབས་དང་གོ་རྟོགས་ཐུབ་པ་བྱ་རྒྱུ།
༤༽ སློབ་དཔོན་ལིའུ་ཧན་གྲེང་གི་ས་ཁྲ་དང་། ལོ་རྒྱུས་ཀྱི་རི་མོའི་འགྲེལ་བཤད་རྣམས་བོད་ཡིག་ནང་བསྒྱུར་རྒྱུ།
གཞན་ཡང་ཚོགས་ཞུགས་པ་རྣམས་ཀྱིས་བསམ་འཆར་དང་རེ་སྐུལ་གནང་དོན།
༡༽ ཕྱི་རྒྱལ་ལ་ཡོད་པའི་བོད་རིགས་མཐོ་སློབ་སློབ་ཕྲུག་རྣམས་ནས་སྐད་ཡིག་གཉིས་པ་རྒྱ་ཡིག་སྦྱོང་རྒྱུ། དེ་ནི་མ་འོངས་པར་བོད་རྒྱའི་འབྲེལ་ལམ་ཡར་རྒྱས་གཏོང་ཆེད་ཀྱི་ཐབས་ལམ་གསར་པ་ཞིག་ལ་མཐོང་།
༢༽ བོད་མིའི་སྒྲིག་འཛུགས་ནས་ཕྱི་རྒྱལ་ལ་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ལ་ལོ་རེའི་ནང་ཉུང་མཐར་རྒྱ་རིགས་མཉམ་འབྲེལ་ལམ་བཟོ་རྒྱུའི་ལས་འཆར་སྤེལ་དགོས་པའི་ལམ་སྟོན་བཀོད་ཁྱབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་བཅས།།