༢༠༡༦ ཟླ་ ༤ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཐེ་ཝན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༤ ཉིན་གྱི་སྔ་དྲོ། ཚོགས་ཞུགས་ཡོངས་མཉམ་འཛོམས་གནང་སྟེ། ཚོགས་ཆུང་ཁག་བགོས་ཐོག་བགྲོ་གླེང་གནང་བའི་དོན་ཚན་ཁག་རེ་རེ་བཞིན་སྒྲོགས་སྦྱང་གནང་རྗེས། ཚོགས་བཅར་ཡོངས་ནས་མུ་མཐུད་བགྲོ་གླེང་ལྷུག་པོ་གནང་། ཕྱི་དྲོ་ཟུར་འཛུགས་ཚོགས་ཆུང་ནས་ཚོགས་ཆེན་གྱི་བསྒྲགས་གཏམ་ཕྱོགས་བསྡོམས་ཟིན་བྲིས་བཀོད་པའི་རིང་། ཐེ་ཝན་གྱི་གློག་བརྙན་བཟོ་སྐྲུན་པ་སྲས་མོ་ཡཱང་ཀྲེང་ཤིན་ལགས་ཀྱིས་ཕྱོགས་སྒྲིག་གནང་བའི་ཐེ་ཝན་ནང་བོད་དོན་ལས་འགུལ་ཞེས་པའི་གློག་བརྙན་གཟིགས་འབུལ་དང་། དེ་རྗེས་བརྗོད་གཞི་གང་ཡང་མེད་པའི་ཐོག་རང་མོས་གཏམ་བཤད་དང་། མཇུག་བསྡོམས་ཚོགས་འདུའི་ཐོག་ཕེབས་པའི་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་ཝུའུ་གཡུས་ཆིང་ལགས་ཀྱིས་བོད་པར་རྒྱབ་སྐྱོར་གྱི་གསུང་བཤད་གནང་། མུ་མཐུད་ཚོགས་ཆེན་གྱི་བསྒྲགས་གཏམ་ཟིན་བྲིས་ལ་བགྲོ་གླེང་དང་གཏན་འབེབས་གྲུབ་རྗེས་ཚོགས་འདུ་གཙོ་སྐྱོང་གནང་མཁན་གྱིས་ཐེངས་དང་པོའི་བོད་རྒྱའི་རྒྱལ་སྤྱིའི་ཚོགས་ཆེན་གྱི་བསྒྲགས་གཏམ་སྒྲོགས་སྦྱང་གནང་སྟེ་ཉིན་གསུམ་གྱི་ཚོགས་འདུ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་ཡོད། །
ཐེངས་དང་པོའི་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ལེགས་གྲུབ་བྱུང་བ།
གསར་གནས།

འབྲེལ་གནས།
