༢༠༡༦ ཟླ་ ༤ ཚེས་ ༢༡ རེས་གཟའ་ཕུར་བུ།
་་་་་་་་ བོད་དོན་དབྱེ་ཞིབ་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས།
༄༅། །རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཇུན་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་(China Central Commission for Discipline Inspection)གིས་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། ཞིབ་འཇུག་དགོས་དོན་ནི་ཀྲུའུ་ཝེ་ཇུན་(གཤམ་ནས་ཀྲུའུ་ཞེས་བསྡུས་རྒྱུ།)གྱིས་འདས་པའི་ལོ་བཅུའི་ནང་ “སྤྲུལ་སྐུའི་” གོ་མིང་བེད་སྤྱད་ནས་ལྐོག་ཟ་ཤུགས་ཆེན་བྱས་པའི་རྐྱེན་གྱིས་རེད། གནས་ཚུལ་དེ་པེ་ཅིང་དུ་ཡོད་པའི་ང་ཚོའི་ཡོང་ཁུངས་བརྒྱུད་ཤེས་རྟོགས་བྱུང་བ་ཞིག་ཡིན། ཞེས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཡིག་གི་གསར་འགྱུར་བརྒྱུད་ལམ་སྦོ་ཝན་དྲྭ་རྒྱས་ (Bowen Press) ཟླ་བ་སྔོན་མའི་ཚེས་ ༢༧ ཉིན་གནས་ཚུལ་སྤེལ་ཡོད།
སྦོ་ཝུན་དྲྭ་རྒྱ་རྟག་ཏུ་བལྟ་མཁན་ཞིག་ཡིན་ན། དྲྭ་རྒྱ་དེ་ནི་ཕྱི་མིས་དེ་ཙམ་མི་ཤེས་པའི་ནང་ལོག་གི་གནས་ཚུལ་སྣ་ཚོགས་སྤེལ་མཁན་གྱི་དྲྭ་རྒྱ་ཞིག་ཡིན་པ་དང་། གནས་ཚུལ་ཡོང་ཁུངས་ཡང་མང་ཆེ་བ་རྒྱ་ནག་ནས་ཡིན་པ་ཧ་ལམ་ཤེས་ཐུབ།
སྦོ་ཝན་དྲྭ་རྒྱའི་གནས་ཚུལ་དེ་ཐོན་རྗེས་ཀྲུའུ་ལ་ཞིབ་འཇུག་བྱེད་ཀྱི་ཡོད་དམ་ཞེས་པའི་བརྗོད་གཞིའི་ཐོག་རྩོམ་ཞིག་འབྲི་འདོད་བྱུང་ཡང་། གཅིག་ནས་སྐབས་དེར་དེ་འབྲེལ་གྱི་གནས་ཚུལ་ཧ་ཅང་གསལ་པོ་མེད་པ་དང་། གཉིས་ནས་ཞིབ་འཇུག་ཀྱང་བྱ་རྒྱུ་མ་བྱུང་བར་བརྟེན་རྩོམ་བྲིས་པའི་དབང་དུ་བཏང་ཡང་དོན་སྙིང་ལྡན་པ་ཞིག་ཡོང་གི་རེད་བསམ་མ་བྱུང་།
རྒྱ་ནག་གཞུང་འབྲེལ་དྲྭ་རྒྱའི་ཐོག་ཀྲུའུ་ལ་ཞིབ་འཇུག་བྱེད་བཞིན་པའི་གནས་ཚུལ་ཐོན་མེད་སྟབས། སྦོ་ཝན་དྲྭ་རྒྱའི་ཐོག་བཀོད་པའི་གནས་ཚུལ་དེ་བདེན་པ་མིན་པར་དཔྱད་པ་བྱེད་མཁན་ཡོང་གི་འདུག ཡིན་ན་ཡང་ང་རང་གི་བལྟ་སྟངས་ནི། ཨི་ཁུང་མེད་ན་རླུང་ཡོང་མི་ཤེས་པའི་དཔེ་ལྟར། སྦོ་ཝུན་དྲྭ་རྒྱའི་གནས་ཚུལ་དེ་ཁུངས་ལུང་གཏན་ནས་མེད་པ་ཞིག་ལ་རེད་བསམ་གྱི་མེད།
ཞི་ཅིན་ཕིང་(གཤམ་ནས་ཞི་ཞེས་བསྡུས་རྒྱུ།)གིས་ཏང་སྲིད་དམག་གསུམ་གྱི་དབང་ཆ་བཟུང་རྗེས་འཐབ་ཕྱོགས་གཅིག་གྱུར་ཁང་ལ་སྒྱུར་བཅོས་བྱེད་སྟངས་དང་། ཀྲུའུ་ཡི་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པའི་གོ་གནས་མེད་པ་བཟོ་སྟངས། རྒྱ་ནག་ཏུ་ཡོད་པའི་བོད་རིགས་མཁས་དབང་འཇམ་དཔལ་རྒྱ་མཚོས་ཀྲུའུ་ལ་དགག་པ་རྒྱག་སྟངས་སོགས་ཉེ་ལམ་ལོ་ཤས་ནང་གི་གནས་ཚུལ་འགྱུར་འགྲོས་ལ་གཞིགས་ན། ཀྲུའུ་ལ་ “སྤྲུལ་སྐུའི་” གོ་མིང་བེད་སྤྱད་ནས་ལྐོག་ཟ་ཤུགས་ཆེ་བྱས་རྐྱེན་གྱིས་ཞིབ་འཇུག་བྱེད་ཀྱི་ཡོད་པ་ར་སྤྲོད་གསལ་པོ་ཞིག་བྱེད་མ་ཐུབ་ཀྱང་། ཀྲུའུ་ལ་དཀའ་ངལ་ཞིག་འཕྲད་ཡོད་པ་དང་། དཀའ་ངལ་དེ་ཡང་གོང་རིམ་ནས་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་ནི།
དང་པོ། ཀྲུའུ་ཡིས་ཕྱི་ལོ་ ༢༠༠༦ ལོར་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པའི་ལས་འགན་བླངས་ཡོད་ན་ཡང་། ཕྱི་ལོ་ ༢༠༡༢ ལོར་ཞི་ཅིང་ཕིང་རྒྱ་ནག་གི་མི་རབས་ལྔ་པའི་འགོ་ཁྲིད་དུ་གཏན་འཁེལ་བྱུང་ནས་ལོ་གཅིག་གི་རྗེས་ཏེ། ཕྱི་ལོ་ ༢༠༡༣ ལོར་ཀྲུའུ་ཡི་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པའི་གོ་གནས་མེད་པ་བཟོས་པ་དེ་ནི་ཀྲུའུ་ལ་ཞི་ཡིས་དེ་ཙམ་ཡིད་ཆེས་དང་མཐོང་མེད་པ་གསལ་སྟོན་བྱས་ཡོད། དེང་སང་ཀྲུའུ་ཡིས་རྒྱལ་ཡོངས་སྲིད་གྲོས་ཁོངས་མི་རིགས་དང་ཆོས་ལུགས་སྡེ་ཚན་གྱི་འགན་འཛིན་གྱི་མིང་འཁུར་བཞིན་ཡོད་ན་ཡང་། སྡེ་ཚན་དེ་ནི་རྒྱ་ནག་ནང་དབང་ཤུགས་དང་ཆེ་མཐོང་ཡོད་པའི་སྡེ་ཚན་ཞིག་མིན་པ་རྒྱ་ནག་གི་གནད་དོན་ལ་དོ་སྣང་ཡོད་མཁན་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད་ལ། རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་མཁས་པ་ཁ་ཤས་ཀྱིས་ཀྱང་ཀྲུའུ་ཡི་བཤད་ཚད་ཐམས་ཅད་རྒྱ་ནག་གཞུང་གི་བསམ་ཚུལ་ཡིན་པར་བོད་པ་ཚོས་ངོས་འཛིན་བྱེད་རྒྱུ་མེད་པའི་འགྲེལ་བརྗོད་བྱེད་མཁན་ཡང་ཡོང་གི་འདུག
གཉིས་པ། ཕྱི་ལོ་ ༢༠༡༥ ལོའི་ཟླ་བ་ ༥ ནང་ཞི་ཡིས་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་དོན་བྱེད་ཕྱོགས་སྒྲིག་གཞི་(རྒྱ་ནག་གིས་སྲོལ་ཡིག་ཟེར་བ།) ཞིག་གཏན་འབེབས་བྱས་པ་དང་། ལོ་དེའི་ཟླ་བ་ ༧ པར་ཞི་ཅིན་ཕིང་གིས་གཙོ་སྐྱོང་བྱས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཚོགས་འདུའི་ (Politburo meeting) ཐོག་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་ (The Central United Front Work Leading Group) འཛུགས་རྒྱུའི་ཐག་གཅོད་བྱས་པ་ནི་འཐབ་ཕྱོགས་གཅིག་གྱུར་ཁང་ལ་བཤག་བཅོས་ཆུང་ཆུང་ཞིག་བྱས་པ་དང་མཚུངས་པས་འཐབ་ཕྱོགས་གཅིག་གྱུར་ཁང་ལ་ན་ཚ་(འཐབ་ཕྱོགས་གཅིག་གྱུར་ཁང་གི་ཁྱོན་ཡོངས་ཀྱི་ལས་དོན་བྱེད་སྟངས་མ་འགྲིག་པ།)ཞིག་ཡོད་པ་གསལ་པོར་བསྟན་ཡོད།
གསུམ་པ། ཕྱི་ལོ་ ༢༠༡༥ ཟླ་བ་ ༡༢ ནང་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་བོད་རིགས་མཁས་དབང་འཇམ་དཔལ་རྒྱ་མཚོས་ “རྒྱ་རིགས་ཀྲང་ཐལ་ལིང་ (Zhang Tielin) ཁྲི་འདོན་” གྱི་དོན་རྐྱེན་ལས་འཕྲོས་ཏེ་ཀྲུའུ་དགག་པ་བརྒྱབ་པའི་ནང་། ཀྲུའུ་ཁྱེད་ཀྱི་བྱེད་སྟངས་དེ་ནི་ཁ་བྲལ་ཆེན་པོ་བཏང་བ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་དང་། མེས་རྒྱལ་གཅིག་གྱུར་གཏོར་བཤིག རྒྱ་བོད་མཐུན་སྒྲིལ་གཏོར་བཤིག མི་རིགས་མཐུན་སྒྲིལ་གཏོར་བཤིག ལྷིང་འཇགས་མཐུན་སྒྲིལ་གཏོར་བཤིག་ཀྱང་བཏང་བ་ཞིག་ཡིན་པས། དེ་ནི་ལོ་རྒྱུས་ཀྱི་ཉེས་ཅན་པ་རེད། ཅེས་བོད་རིགས་མཁས་དབང་ཞིག་གིས་ཚིག་བརྗོད་ནན་པོས་དགག་པ་བརྒྱབ་(ད
ང་རང་གི་བལྟ་སྟངས་ལ། ཀྲུའུ་ཡི་༸གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱེད་རྒྱུ་དེ་སྔོན་མ་ལས་ཉུང་དུ་མ་བཏང་ཀ་མེད་ཆགས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཁོ་པར་སྒང་ནས་བྱུང་བའི་དཀའ་ངལ་ཞིག་ཡོད་ཀྱང་། སྐབས་རེ་ད་དུང་ཡང་འདྲ་མི་འདྲ་བཤད་ཅིང་། ཁུངས་ལུང་མེད་པ་འབྲི་གི་ཡོད་པ་དེ་གང་ཡིན་ནམ་བསམས་ཏེ། རྒྱ་ནག་གི་གནས་ཚུལ་ལ་ཆ་རྒྱུས་ཆེ་ཞིང་མཐོ་རིམ་འགོ་ཁྲིད་དང་འབྲེལ་བ་ཡོད་པའི་མཁས་པ་རེ་ཟུང་ལ་འདྲི་བསྡུར་བྱེད་སྐབས། དེ་ནི་ཀྲུའུ་ཡིས་ཤི་ཁའི་འཕག་འཚག་བརྒྱབ་པ་ཞིག་རེད། ཅེས་ཚིག་ཉུང་དོན་བསྡུས་ཀྱི་འགྲེལ་བརྗོད་བྱེད་མཁན་ཡོང་གི་འདུག་པ་ནི་གོ་རྒྱུ་ཆེན་པོ་ཡོད་པ་ཞིག་རེད།
གོང་གི་གནད་དོན་དེ་དག་གུང་སྒྲིག་ནས་བལྟས་པ་ཡིན་ན། ཀྲུའུ་ལ་རྒྱ་ནག་གཞུང་གིས་ཞིབ་འཇུག་བྱེད་ཀྱི་ཡོད་མེད་དང་། དེ་ཡང་ “སྤྲུལ་སྐུའི་” གོ་མིང་བེད་སྤྱད་ནས་ལྐོག་ཟ་ཤུགས་ཆེ་བྱས་པའི་རྐྱེན་གྱིས་ཡིན་མིན་ཁོ་བོས་ཚིག་ཐག་གཅོད་དཀའ་ཡང་། ཀྲུའུ་ལ་དཀའ་ངལ་ཞིག་འཕྲད་ཡོད་པ་དང་། དེ་ཡང་ཀྲུའུ་ཡི་ལས་དོན་བྱེད་སྟངས་ཀྱིས་རྐྱེན་པས་གོང་རིམ་ནས་བྱུང་པའི་དཀའ་ངལ་ཞིག་ཡིན་པར་ང་རང་སྒེར་གྱིས་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་འབྱུང་འགྱུར་ལོ་ཁ་ཤས་ནང་ཀྲུའུ་ཝེ་ཇུན་རྒྱ་ནག་གི་ཆབ་སྲིད་གར་སྟེགས་ལས་ཡལ་འགྲོ་བའི་དུས་ཚོད་ཅིག་ཤར་མིན་ཐད་མུ་མཐུད་དོ་སྣང་བྱེད་དགོས་པ་ཞིག་མཐོང་གི་ཡོད། །