༢༠༡༦ ཟླ་ ༤ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ལོ་མང་རིང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་གཙོ་གྱུར་བོད་དང་བོད་མིའི་གནད་དོན་གང་ཅིར་ཐུགས་སྣང་དང་འགན་ཁུར་ཡུན་རིང་བཞེས་མཁན་གྱི་བོད་གནས་མཁས་པ་དང་། བོད་ཀྱི་གྲོགས་པོ་ཡིན་པ་རྒྱ་གར་གྱི་གསར་འགོད་པ་སྙན་གྲགས་ཅན་སྐུ་ཞབས་ཝི་ཇཡཱ་ཀྲནྟི་ Vijay Kranti ལགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༩ ནས་ཚེས་ ༡༥ བར། ༸གོང་ས་ཏཱ་ལའི་བླ་མ་མཆོག་བཀའ་དྲིན་ཆེ། “Thank You Dalai Lama”ཞེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་པར་རིགས་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད། དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མི་སྐྱབས་བཅོལ་བའི་གནས་སྟངས་དང་འབྲེལ་བའི་སྐུ་པར་དང་། དེ་བཞིན་གཞི་རྒྱ་ཆེ་བའི་འདྲ་པར་རིགས་སྣ་ཚོགས་ཀྱི་འགྲེམས་སྟོན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་སྒྱུ་རྩལ་དང་ཕུལ་བྱུང་ལག་ཤེས་བསྟི་གནས་ཁང་ All India Fine Arts and Crafts Society ཞེས་རྒྱ་གར་གྱི་གྲོས་ཚོགས་ཁང་གི་ཉེ་འགྲམ་དུ་ཡོད་པའི་བསྟི་གནས་ཁང་དེའི་ཚོགས་ཁང་བཞིའི་ནང་སྒྲིག་གཤོམ་གནང་ཡོད་འདུག
འགྲེམས་སྟོན་དེར་གཟིགས་ཞིབ་སླད་སྐུ་མགྲོན་གང་ཙམ་མགྲོན་འབོད་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཁང་དུའང་མགྲོན་ཤོག་སྔ་རྗེས་ནན་ཏན་དུ་གནང་འབྱོར་བྱུང་བར། བོད་ཀྱི་གྲོགས་པོ་ཁོང་གིས་ད་བར་གྱི་ལོ་ ༤༠ ལྷག་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་གཙོ་གྱུར་བོད་དོན་གང་ཅིར་ཐུགས་སྣང་དང་ཐུགས་འཁུར་ཆེ་བཞེས་གནང་དང་གནང་བཞིན་པར་བརྟེན་ཐུགས་རྗེ་ཆེ་ཞུ་དང་སྦྲགས་འགྲེམས་སྟོན་དེ་བཞིན་བོད་དོན་སླད་གང་ཅིའི་གལ་གནད་ཆེ་གྱུར་བཅས་ལ་བརྟེན་འགན་ཁུར་མཉམ་ལེན་ཆེད་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་འཁྲིད་དེ་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས་བཅས་དང་། སྤྱི་ལྷན་གྱི་ཚོགས་དྲུང་སྟོབས་རྒྱལ་ལགས་བཅས་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༩ ཉིན་གྱི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་སྟེ་ཐོག་མར་སྐུ་མགྲོན་གཙོ་གྲས་གཞན་འགའ་དང་མཉམ་དཔལ་ལྡན་ཚོགས་གཙོ་མཆོག་གིས་མར་མེ་ཞལ་ཕྱེ་གནང་བསྟུན།
སྐུ་ཞབས་ Vijay Kranti མཆོག་གིས་ཐེངས་འདིའི་འགྲེམས་སྟོན་གྱི་སྐོར་ངོ་སྤྲོད་གསུང་བཤད་གནང་བའི་ནང་། བོད་མི་རྣམས་རྒྱ་གར་ནང་འབྱོར་བ་ནས་བཟུང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཕྲིན་ཇི་བསྐྱངས་དང་། ཁོང་གི་དབུ་འཁྲིད་ལམ་སྟོན་བཟང་པོ། རྒྱ་གར་གཞུང་མང་གི་མཐུན་འགྱུར་བཅས་ལ་བརྟེན་ནས་བཙན་བྱོལ་ནང་བོད་མིའི་རིག་གཞུང་དང་། གོམས་སྲོལ་བཟང་པོ་རྣམས་སླར་གསོ་དང་། བསྐྱར་འཛུགས་ཇི་ལྟར་བྱུང་བའི་སྐོར་ཞིབ་འགྲེལ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་སྤྱི་ལ་ཞི་བདེ་བསྐྲུན་གནང་མཛད་པ་མ་ཟད། ཁྱད་པར་རྒྱ་གར་ལ་ཕེབས་བཞུགས་གནང་བ་དེས་ལོ་ ༢༥༠༠ ཡི་རྗེས་སྟོན་པ་བཅོམ་ལྡན་འདས་འཇིག་རྟེན་དུ་སླར་ཡང་བྱོན་པ་ལྟ་བུའི་མཛད་རྗེས་ཤིན་ཏུ་བཀའ་དྲིན་ཆེན་པོ་བསྐྱངས་དང་སྐྱོང་བཞིན་ཡིན་སྐོར་སོགས་ཀྱི་ངོ་སྤྲོད་གསུང་བཤད་གྲུབ་རྗེས། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སྦལ་སྦིར་སིང་ Balbir Singh མཆོག་ནས་གསུང་བཤད་གནང་སྐབས། བོད་དོན་རྒྱབ་སྐྱོར་བ་དང་། གསར་འགོད་པ་གྲགས་ཅན་སྐུ་ཞབས་ Vijay Kranti མཆོག་གིས་འདས་པའི་མི་ལོ་བཞི་བཅུ་ལྷག་ནང་བོད་མི་སྐྱབས་བཅོལ་བར་ཞལ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་། དཀའ་ཚེགས་ལ་མ་འཛེམས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་གང་སར་དངོས་སུ་ཕེབས་བཅར་གྱིས་འདྲ་པར་སྒྲོན་ལེན་གནང་བ་ཁག་ད་རེས་རྒྱ་གར་རྒྱལ་ས་ལྡི་ལིར་འགྲེམས་སྟོན་དངོས་སུ་གནང་ཐུབ་པ་འདིས་རྒྱལ་སྤྱིའི་ཁྱོན་ལ་བོད་དོན་ངོ་སྤྲོད་དང་འབྲེལ་བའི་འཐབ་རྩོད་ཐོག་ལ་ཕན་རླབས་ཆེན་པོ་ཡོང་རྒྱུར་བརྟེན། སྐུ་ཞབས་ཝི་ཇེ་ཀ་རན་ཏི་མཆོག་གི་ལྷག་བསམ་དང་སྙིང་སྟོབས་ལ་བསྔགས་བརྗོད་ཀྱང་གནང་ཡོད་འདུག
དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་ལྷན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཝི་ཇེ་ཀ་རན་ཏི་གཏན་ཞལ་ལྷན་རྒྱས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་འབུལ་གནང་ཡོད་པ་དང་། དེ་རྗེས་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་དང་། དེ་མིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་ཁག་ཅིག་མཉམ་ཞུགས་གནང་ཡོད་པ་རྣམས་ཀྱིས་ཀྱང་གཅིག་མཇུག་གཉིས་མཐུད་ཀྱིས་སྐུ་ཞབས་ཝི་ཇེ་ཀ་རན་ཏི་མཆོག་ལ་ཐུགས་རྗེ་ཆེ་ཞུ་དང་། མཛའ་བརྩེའི་རྣམ་པས་མཇལ་དར་ཕུལ་ཡོད་པ་རེད། ཐེངས་འདིའི་སྐུ་ཞབས་ཁོང་གི་སྐུ་པར་འགྲེམས་སྟོན་འདི་བཞིན། ༡། ༸གོང་ས་མཆོག་གི་མཛད་འཕྲིན་དང་། ༢། བཙན་བྱོལ་བོད་མིའི་འཕེལ་རིམ་དང་འགྱུར་འགྲོས། ༣། བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བ། ༤། གསར་འགོད་པ་རང་ཉིད་ཀྱི་འདྲ་པར་རྒྱག་སྟངས་ཐད་ཀྱི་རིག་རྩལ་བཅས་སྡེ་ཚན་བཞི་ལ་དབྱེ་སྟེ་འགྲེམས་སྟོན་གནང་བ་ཞིག་ཡིན་འདུག དཔལ་ལྡན་ཚོགས་གཙོ་མཆོག་གིས་དབུས་སྤྱི་འཐུས་གཞན་རྣམས་བཅས་ཕྱི་ཚེས་ ༡༠ ཉིན་རྡ་སར་ཕྱིར་ཕེབས་གནང་ཡོད་པ་བཅས། །