༢༠༡༦ ཟླ་ ༤ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕྲུལ་རིག་བསྟི་གནས་ཁང་(IIT)གི་དགེ་ལས་སློབ་མ་རྣམས་ལ་བཟང་སྤྱོད་དང་བདེ་སྐྱིད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་འཕྲུལ་རིག་བསྟི་གནས་ཁང་དུ་༸ཞབས་སོར་འཁོད་སྐབས་ངེས་སྟོན་པ་སློབ་དཔོན་ཆེན་མོ་ཀེ་ཐ་ཡ་གྷ་རཱ་ཇན་ Prof. K. Thyagarajan མཆོག་དང་། འཕྲུལ་རིག་བསྟི་གནས་ཁང་གི་སློབ་ཟུར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་དི་པྰཀ་ཌོག་རཱ་ Dr. Deepak Dogra ལགས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་ཚོགས་གཙོས་༸གོང་ས་མཆོག་ངོ་སྤྲོད་ཞུས་གྲུབ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
བཀུར་འོས་སྤུན་མཆེད་རྒན་གཞོན་ཕོ་མོ་ལྷན་རྒྱས་ལ་ཐོག་མར་འཚམས་འདྲི་ཞུ་རྒྱུ་ཡིན། ངོས་རང་དེ་རིང་འདིར་ཡོང་ནས་རྣམ་པ་ཚོར་བསམ་ཚུལ་འགའ་ཤས་འཆད་རྒྱུའི་གོ་སྐབས་བྱུང་བར་ངོས་ལ་ཆེ་མཐོང་ཐོབ་པ་ཞིག་བྱུང་། གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ལ་བརྟེན་དགོས་པའི་སེམས་ཅན་ཞིག་ཡིན། ང་ཚོ་ཚང་མ་འཚོ་གནས་ཆེད་ཕན་ཚུན་གཅིག་གི་གཅིག་ལ་བརྟེན་དགོས་པ་ཞིག་ཆགས་ཡོད། ལྷག་པར་ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད་སྟབས། ང་ཚོ་ཚང་མས་བྱམས་བརྩེ་དང་སྙིང་རྗེ། གཞན་ཕན་བཅས་ཀྱི་ཐོག་བསམ་བློ་ཤུགས་ཆེ་ཙམ་གཏོང་དགོས་པའི་དུས་ལ་བསླེབས་ཡོད། དུས་རབས་ ༢༠ པའི་ནང་མི་གསོད་ཁྲག་སྦྱོར་གྱི་རྐྱེན་པས་མི་ཧ་ལམ་ས་ཡ་ ༢༠༠ ཙམ་འདས་གྲོངས་སུ་གྱུར་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད། དུས་རབས་ ༢༡ འདི་བཞིན་ཞི་བདེ་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་ཆེད་དཀའ་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས། ང་ཚོ་སྐྱེས་ཙམ་ཉིད་ནས་མའི་བྱམས་བརྩེས་བསྐྱངས་ཡོད་སྟབས་གཞན་ལ་བྱམས་བརྩེ་སྤེལ་རྒྱུའི་ནུས་པ་རང་ཆས་སུ་ཡོད།
འཛམ་གླིང་འདི་བཞིན་ཞི་བདེ་ལྡན་པ་ཞིག་ཡོང་བར་ང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་དགོས་ཀྱི་ཡོད། ང་ཚོས་སོ་སོའི་ཆོས་ལུགས་དང་རིག་གཞུང་ཞེས་རྩོད་ནས་མ་བསྡད་པར་རིས་མེད་ཀྱི་ཐོག་ནས་གཅིག་གིས་གཅིག་ལ་གུས་ཞབས་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། ལུས་པོའི་འཕྲོད་བསྟེན་ཐོག་ནས་བཤད་ན་ཚན་རིག་པས་སེམས་ཇི་ཙམ་སྐྱིད་པ་ཡོད་པ་དེ་ཚོད་ཀྱིས་ལུས་བདེ་བ་དང་། སེམས་ཇི་ཙམ་མ་སྐྱིད་པ་དེ་ཚོད་ཀྱིས་ལུས་པོའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པ་བཤད་ཡོད།
གཅིག་གིས་གཅིག་ལ་སེམས་ཁུར་ཡོད་པ་དང་། སེམས་ཁུར་དེ་བཞིན་དྲང་བདེན་དང་ངོ་ལྐོག་རྒྱབ་མདུན་མེད་པའི་བཟང་སྤྱོད་ཀྱི་རྣམ་པ་དེའི་ཐོག་ནས་ཕན་ཚུན་མཛའ་ཤེས་གྲོགས་པོ་བཟང་པོ་ཞིག་ཡོང་ཐུབ་པར་བརྟེན་དེ་ལྟར་འབད་བརྩོན་གནང་དགོས་རྒྱུ་གལ་ཆེན་པོ་ཡིན།
ཚན་རིག་པ་ཚོས་དེང་སྐབས་ནཱ་ལེཎྜ་མཁས་པས་བརྩམས་པའི་སེམས་བྱུང་སྐོར་དེ་དག་བསམ་བློ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ངོས་འཛིན་ཐུབ་པ་དང་ངེས་པ་བརྙེད་ནས་ད་ཟོད་དེའི་ཐོག་སློབ་སྦྱོང་བྱེད་ཀྱི་ཡོད། གཞོན་སྐྱེས་ཁྱེད་རང་ཚོས་གནའ་བོའི་རྒྱ་གར་གྱི་རིག་གཞུང་ཕྱུག་པོ་ཡོད་པ་དེ་དག་ལ་སློབ་གཉེར་དང་དོ་སྣང་བྱ་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཡིན། རྒྱུ་མཚན་ཡོད་པའི་རྣམ་དཔྱོད་དེས་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ཞི་བདེ་ལྡན་པ་ཞིག་ཡོང་བར་གྲོགས་རམ་བྱེད་ཐུབ་པ་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་དང་བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་སྩལ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ། སྐབས་དེར་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༡༠༠ ཕེབས་ཡོད་པ་བཅས།།