༢༠༡༦ ཟླ་ ༤ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢ ནས་ ༡༢ བར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་དང་ཤེས་ཡོན་འགན་འཛིན་ཟུར་པ་རྒྱལ་མཚན་རྣམ་གཉིས་ནས་ཕྱི་ཚེས་ ༢ ཉིན་སྦེལ་ཀོབ་ལུགས་བསམ་དང་ཚེས་ ༣ ཉིན་བདེ་སླར། ཚེས་ ༤ ཉིན་ཅོ་ཀུར་ས་གནས་མི་མང་རྣམས་དང་ཕྱི་ཚེས་ ༦ ཉིན་ཧུར་སུ་ས་གནས་མི་མང༌། ཕྱི་ཚེས་ ༧ཉིན་ཀོ་ལི་གྷལ་གཞིས་ཆགས། ཕྱི་ཚེས་ ༡༠ དང་ ༡༡ བཅས་མོན་གྷོ་ས་གནས་མི་མང་བཅས་ལ་ཤེས་ལྷན་འགན་འཛིན་ནས་ཤེས་ཡོན་སྲིད་བྱུས་གཏན་འབེབས་ཀྱི་རྒྱུད་རིམ་དང་གཏན་འབེབས་གནང་དགོས་པའི་དམིགས་ཡུལ། གཞན་ཡང་ཤེས་ཡོན་གྱི་ངོ་བོ་དང་ཤེས་ཡོན་སྤྲོད་པའི་དགོས་དམིགས་སོགས་ཕ་མ་དང་འབྲེལ་ཆགས་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ཁག་དང༌།
གཞན་ཡང་ཤེས་ཡོན་འགན་ཟུར་པ་རྒྱལ་མཚན་ལགས་ནས་ཕ་མས་བུ་ཕྲུག་ལྟ་སྐྱོང་གནང་ཕྱོགས་དང་འབྲེལ་བའི་རྒྱལ་སྤྱི་ཞིབ་འཇུག་ཁག་གི་གྲུབ་དོན་ལ་གཞི་བཅོལ་ནས་རང་རེ་ཕ་མ་རྣམས་ནས་བུ་ཕྲུག་སློབ་གསོ་དང༌། ཤེས་ཡོན་སློབ་གསོའི་ལས་དོན་ཐོག་ཐུགས་ཁུར་དང༌། ཐབས་ལམ་གང་དང་གང་བསྟེན་དགོས་པ་སོགས་ཀྱི་གོ་རྟོགས་ལས་འཆར་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་དང༌། གོང་གསལ་ལས་འཆར་རིང་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ནས་རྣམ་གྲོལ་གླིང་གི་སློབ་དཔོན་བརྒྱད་ཅུ་ཙམ་ལ་སློབ་ཁྲིད་ཐབས་ལམ་དང་སློབ་ཁྲིད་འཆར་ཟིན། རྒྱུགས་སྤྲོད་ལམ་སྲོལ་གྱི་ཟབ་སྦྱོང་སློབ་ཁྲིད་ཞུས་པ་དང༌། ཤེས་ཡོན་འགན་འཛིན་ཟུར་པ་རྒྱལ་མཚན་ལགས་ནས་སེ་ར་བྱེས་སློབ་གྲྭའི་དགེ་རྒན་རྣམས་ལ་སློབ་ཁྲིད་ཐབས་ལམ་དང་དགེ་རྒན་གྱི་ལས་འགན་ཐོག་ལ་ཟབ་སྦྱོང་ཕུལ་ཐུབ་པ་བྱུང་ཡོད།།