༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༦ ཉིན་རྒྱབ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་ཝི་སི་ཀོན་སིན་ (Wisconsin) གྱི་རྒྱལ་ས་མེ་ཌི་སོན (Madison) མོ་ནོ་ན་ཊེ་རེ་སི་ (Monona Terrace) ཞེས་པའི་ཚོགས་ཁང་ཆེན་མོར་ས་གནས་བོད་མི་རྣམས་དང་ཉེ་འཁོར་ཤི་ཁ་གོ་ (Chicago) དང་མི་ནེ་སོ་ཊ་ (Minnesota) སོགས་ནས་ཆེད་བཅར་ཞུས་པའི་བོད་མི་ ༡༥༠༠ ཙམ་ལ་དམིགས་བསལ་མཇལ་ཁ་དང་འབྲེལ་གལ་ཆེའི་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། ང་ཚོ་ཚང་མ་བོད་ཁ་བ་གངས་ཅན་པ་ཟེར་བའི་མི་རིགས་དེ་ཆགས་ཡོད། ང་རང་ཚོ་གངས་ཅན་པ་ཞེས་པ་དེ་ས་ཆའི་བབ་ནས་རྩིས་ན་འཛམ་གླིང་འདིའི་སྟེང་གི་ཡང་ཐོག་ལྟ་བུ་ཆགས་ཡོད། འཛམ་གླིང་ཤར་ཕྱོགས་ཀྱི་གཙང་ཆུ་མང་པོ་ཞིག་བོད་ཀྱི་ས་ཐོག་ནས་ཡོང་གི་ཡོད། ཤར་རྒྱ་ནག་ནས་པ་ཀི་སི་ཏན་བར་དུ་ཆུ་ཆེན་མང་ཆེ་བ་ནི་བོད་ཀྱི་ས་ཐོག་ནས་ཡོང་བ་ཤ་སྟག་ཡིན། ས་བབ་འདི་འདྲའི་ཐོག་ལ་གནས་པའི་ང་ཚོ་བོད་མི་ཞེས་པ་དེ་ཡང་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་རིང་ལ་རིམ་པས་ཡར་རྒྱས་ཕྱིན་རྗེས་ཡི་གེ་ཞིག་ང་ཚོར་ཟུར་དུ་ཡོད་པ་དང། ཡི་གེ་དེའི་ནང་དེང་དུས་ཀྱི་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་གལ་ཆེ་བ་གཅིག་ནང་ཆོས་ཆགས་ཡོད། ནང་པའི་ཆོས་ཀྱི་རྣམ་གཞག་གསལ་ཤོས་དང་ཟབ་ཤོས། རྒྱ་ཆེ་ཤོས་དེ་ནི་བོད་སྐད་ནང་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་ཆགས་ཡོད། དེ་མིན་བོད་མིའི་རྣམ་དཔྱོད་ཀྱི་ཐོག་ནས་བསམ་བློ་ཞིག་བཏང་ན། ནང་པའི་ཡུལ་གྲུ་མང་པོ་ཡོད་པའི་ནང་ནས་སངས་རྒྱས་ཀྱི་བསྟན་པར་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་ལག་རྗེས་འཇོག་རྒྱུ་དང་། ལྷག་པར་དུ་ཡང་འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་བསྟན་པའི་ལག་རྗེས་འཇོག་མཁན་དེ་ཕལ་ཆེར་བོད་པ་ཤུགས་ཆེ་ཤོས་ཡིན།
དེར་བརྟེན་ང་ཚོ་བོད་གངས་ཅན་པ་ཞེས་པ་འདི་སྣོད་ཀྱི་ཆ་ནས་བརྩིས་ནའང་། འཛམ་གླིང་ཤར་ཕྱོགས་ཀྱི་ཡང་སྟེང་ཆུ་བོ་གལ་ཆེ་ཤོས་ཚང་མ་ཡོང་སའི་ཆུ་མགོ། རིག་གཞུང་གི་ཐོག་ནས་བཤད་པ་ཡིན་ནའང་སྤྱིར་འཛམ་གླིང་དང་ཡང་སྒོས་ཤར་ཕྱོགས་ཀྱི་ཆོས་ལུགས་གཙོ་ཆེ་ཤོས་དེ་ནང་པའི་ཆོས་ཆགས་ཡོད། དེ་ལྟ་བུའི་ནང་པའི་ཆོས་ཀྱི་རྩ་བ་ཁུངས་གཏུགས་ས་དེ་ཕལ་ཆེར་བོད་ཀྱིནང་ཆོས་འདི་ཆགས་ཀྱི་ཡོད་པ་གསལ་པོ་ཞེ་དྲག་རེད། ངོས་ཀྱི་ནང་པ་མང་པོ་ཞིག་ངོ་ཤེས་ཀྱི་ཡོད། དེ་ཡང་རྒྱ་རིགས་དང་ཉི་ཧོང། ཀོ་རི་ཡ་སོགས་ཀྱི་ནང་པ་མང་པོ་ཞིག་ངོ་ཤེས་ཀྱི་ཡོད་པ་དང་ཁོང་ཚོས་ཤེས་རབ་སྙིང་པོ་ང་ཚོས་འདོན་གྱི་ཡོད་ཀྱང་དོན་དག་ཤེས་ཀྱི་མེད། ངོས་ལ་ཤེས་རབ་སྙིང་པོར་འགྲེལ་བཤད་རྒྱག་རོགས་ཞེས་ཉི་ཧོང་གི་དགོན་ཁག་གི་མཁན་པོ་དག་གིས་བརྗོད་ཀྱི་འདུག། ཉེ་ཆར་ངོས་རང་ཉི་ཧོང་ལ་འགྲོ་སྐབས་མཁན་པོ་མཁས་དབང་དེ་འདྲ་ཐུག་སྐབས་གསལ་པོའི་ཐོག་ནས་ཁྱེད་རྣམས་བོད་ཀྱི་ནང་ཆོས་སློབ་གཉེར་བརྒྱབ་པ་དེ་བཞིན་ང་ཚོའི་ལུང་པའི་ནང་མེད། ང་ཚོས་ཆོ་ག་དང་གཞུང་དེ་འདྲ་འདོན་གྱི་ཡོད་ཀྱང་དོན་དག་ཤེས་ཀྱི་མེད། དེར་བརྟེན་ཁྱེད་ཚོ་བོད་པ་ཚོས་འགྲེལ་བཤད་རྒྱག་རྒྱུ་དེ་གལ་ཆེན་པོ་འདུག་ཅེས་བརྗོད་བྱུང། གང་ལྟར་དངོས་ཡོད་གནས་ཚུལ་ཐོག་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་འཛམ་གླིང་འདིའི་ནང་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ཤིག་ཆགས་འདུག། དེ་བཞིན་དངོས་ཡོད་ཀྱི་གནས་ཚུལ་ལ་ད་ལྟ་བོད་ཡིག་ནང་ཡོད་པའི་བསྟན་བཅོས་གལ་ཆེ་བ་ཁག་གཅིག་རྒྱ་ཡིག་ནང་མེད་པ་ངོས་རང་གི་ངོ་གསལ་པོ་འཕྲོད་བྱུང། དེར་བརྟེན་ང་ཚོས་དེ་རྣམས་རྒྱ་སྐད་ནང་བསྒྱུར་རྒྱུའི་འཆར་གཞིའི་སྒྲོམ་གཞི་ཞིག་བཟོས་ཡོད།
གནས་ཚུལ་དེ་དག་ལ་ལྟ་སྐབས་ང་ཚོ་བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་ཧ་ཅང་གི་ཟབ་པོ་དང་རྒྱ་ཆེན་པོ་ཡོད་པ་ར་འཕྲོད་ཀྱི་འདུག དེང་སང་འཛམ་གླིང་ནང་ལ་ཡིན་ནའང་ཚན་རིག་པས་བོད་ཀྱི་སངས་རྒྱས་ཀྱི་ཆོས་ཀྱི་ནང་ནས་སེམས་ཀྱི་རྣམ་གཞག་ལ་འགྲེལ་བཤད་རྒྱག་རྒྱུ་དང་སེམས་ལ་བཟོ་བཅོས་གང་འདྲ་རྒྱག་དགོས་མེད་ཀྱི་ཐོག་ལ་གཞི་ནས་དོ་སྣང་གསར་པ་ཞིག་ཡོང་གི་ཡོད། དཔེར་ན། དེ་རིང་ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭ་ཆེན་མོའི་ཕྱོགས་ནས་དམིགས་བསལ་ནང་ཆོས་ཚན་རིག་པའི་ཚོགས་འདུ་དེ་ཚོགས་ཀྱི་ཡོད། འདི་དག་གང་ལྟར་མིའི་སེམས་ཀྱི་དཀའ་ངལ་སེལ་དགོས་རྒྱུ་ཞེས་པ་དེ་གལ་ཆེན་པོ་ཡིན་པ་གཞི་ནས་དུས་རབས་ཉི་ཤུ་པའི་མཇུག་དང་ཉེར་གཅིག་པའི་མགོ་ལ་དོ་སྣང་གསར་པ་ཞིག་བསླེབས་ཡོད། སེམས་ཀྱི་ཞི་བདེ་ཞེས་པ་འདི་ཕོངས་པའི་རྐྱེན་བྱས་ཏེ་འཛམ་གླིང་འདིའི་ཐོག་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་ངོས་འཛིན་གསལ་པོ་ཆགས་ཡོད། སེམས་ཀྱི་ཞི་བདེ་ཕོངས་པ་དེ་ལ་འཕྲུལ་ཆས་ཀྱིས་ཐོག་ནས་སེམས་ཀྱི་ཞི་བདེ་བཟོ་ཐུབ་ཀྱི་མེད་པ་དང། དེ་བཞིན་སྨན་བཅོས་དང། རྒྱུ་དངོས་པོའི་ཐོག་ནས་ཀྱང་སེམས་ཀྱི་ཞི་བདེ་བཟོ་ཐུབ་ཀྱི་མེད། སེམས་ཀྱི་ཞི་བདེ་བཟོ་རྒྱུ་ཞེས་པ་དེ་ནི་བསམ་བློ་རང་གི་ཐོག་ནས་ཞི་བདེ་འཚོལ་རྒྱུ་ཞིག་ཡིན་པ་མ་གཏོགས་ཐབས་ལམ་གཞན་གང་ཡང་མེད་པ་ཤེས་རྗེས། ཚན་རིག་པ་ཚོས་ཆོས་ལ་དོ་སྣང་ཆེ་དྲགས་པ་མ་རེད། ཚན་རིག་པ་ཚོས་ནང་པ་བྱེད་ཀྱི་ཡིན་ཞེས་བརྗོད་ཀྱི་མེད། ཚན་རིག་པ་ཚོས་མི་ཚེ་འདིའི་སྐབས་སེམས་ཀྱི་བདེ་སྐྱིད་ཡོང་ཐབས་ལ་བསམ་བློའི་ནང་ནས་བསྒྱུར་བཅོས་གཏོང་སྟངས་དང། དཀའ་ངལ་འཕྲད་སྐབས་བསམ་བློའི་ཐོག་ནས་གདོང་ལེན་བྱེད་ཐུབ་རྒྱུར་དོ་སྣང་བྱེད་ཀྱི་འདུག ཅེས་བཀའ་སློབ་སྩལ། དེ་བཞིན་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
བོད་མི་རིགས་ཀྱི་ཤེས་ཡོན་གྱི་གཟི་བརྗིད་དེ་བཤད་དགོས་བྱུང་ན་ཤོད་རྒྱུ་ཡོད་པ་དང། མི་ཚེའི་ནང་འབྲེལ་བ་མེད་མཁན་ཞིག་ཡིན་ན་གནས་ཚུལ་ཐ་དད་རེད། དེ་འདྲ་རྩ་བ་ནས་མ་རེད། དཔེར་ན། ཉེ་ཆར་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཕོག་སྐབས་རྒྱ་མི་འགའ་ཤས་ས་གནས་དེར་ཕྱིན་ཏེ་རོགས་བྱེད་མཁན་དེ་འདྲ་ཡོད་པ་རེད། ལོ་གཉིས་གོང་ཟི་ཁྲོན་ལ་ས་ཡོམ་གྱི་གོད་ཆག་ཕོག་སར་འགྲོ་མྱོང་མཁན་གྱི་རྒྱ་རིགས་གཅིག་གིས་ད་རེས་སྐྱེ་རྒུ་མདོར་ལྟ་སྐོར་ལ་ཕྱིན་འདུག། ཕལ་ཆེར་ཁོང་ཧོང་ཀོང་ངམ་ཐེ་ན་དེ་འདྲ་ཞིག་ནས་རེད། ཁོང་གིས་ཟི་ཁྲོན་ས་ཁུལ་དུ་ས་ཡོམ་གྱི་གོད་ཆག་འོག་རྒྱ་མི་རིགས་ཀྱི་ནང་མི་འདས་གྲོངས་སུ་གྱུར་བའི་རྗེས་ཤུལ་རྒྱ་མི་རྨས་མ་དེ་ཚོའི་སེམས་ནང་གི་ཚོར་བ་དེ་ཧ་ཅང་སྡུག་བསྔལ་དྲག་པོས་ཟིན་པ་དང་། སྡུག་བསྔལ་དེ་ཁོང་ཁྲོའི་རང་བཞིན་དུ་གྱུར་ཏེ་ཧ་ཅང་གིས་རྩབ་པོ་བྱེད་ཀྱི་འདུག ཡིན་ནའང་། སྐྱེ་རྒུ་མདོར་བོད་རིགས་ས་ཁུལ་དུ་ས་ཡོམ་གྱི་གོད་ཆག་ཕོག་སྟེ་སྡུག་བསྔལ་མྱངས་པ་དང་། འདས་གྲོངས་སུ་ཕྱིན་པ། རྨས་སྐྱོན་ཕོག་པ་མང་པོ་བྱུང་བ་སོགས་གཅིག་མཚུངས་རེད། འོན་ཀྱང་ས་ཁུལ་དེ་གཉིས་ནང་གནས་སྟངས་གཅིག་པ་ཡིན་ནའང་སེམས་ནང་ཁོང་ཁྲོ་དང་སྡུག་སྐད་རྒྱག་མཁན་དེ་འདྲ་བོད་པ་ཧ་ཅང་ཉུང་ཉུང་འདུག་ཅེས་འདི་འདྲ་ཤོད་ཀྱི་འདུག དེས་གང་མཚོན་གྱི་ཡོད་དམ་ཞེས་ན། སྡུག་བསྔལ་འཕྲད་སྐབས་གདོང་ལེན་བྱེད་རྒྱུའི་ནུས་པ་ཞིག་བོད་རིགས་ལ་ཡོད་པ་དང་དེ་ལྟར་ཡོང་རྒྱུ་དེ་བོད་པའི་ཤ་ཁྲག་མི་འདྲ་བ་ཞིག་ཡིན་པའི་ཆ་ནས་མིན། དེ་ནི་བོད་པའི་རིག་གཞུང་གི་ཐོག་ནས་མི་ལ་གོམས་གཤིས་འདི་འདྲ་ཞིག་ཡོད་པའི་གནས་ཚུལ་ཞིག་ཆགས་ཡོད་ཅེས་བཀའ་སྩལ། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་རྒྱ་ནག་ནང་གི་གནས་ཚུལ་དང་འབྲེལ་བའི་སྐོར་ལ་བཀའ་སློབ་སྩལ་དོན། བར་སྐབས་ངོས་ནས་རྒྱ་མི་ཤེས་ཡོན་ཅན་མང་པོ་ཞིག་ཐུག་གི་ཡོད།
ཁོང་ཚོའི་ནང་ནས་ཤེས་ཡོན་ཅན་མང་པོ་ཞིག་གི་ངོས་ལ་རྒྱ་ནག་ནང་གི་གཅིག་སྡུད་ཀྱི་ལམ་ལུགས་དེ་དུས་ཚོད་སྔ་ཕྱི་ཞིག་མ་གཏོགས་འགྱུར་བ་འགྲོ་གི་རེད། འདས་པའི་ལོ་ ༦༠ རིང་རྒྱ་ནག་ལ་སྔར་གྱི་གོམས་གཤིས་ཡ་རབས་ཀྱི་སྤྱོད་པ་ཡོད་པ་དེ་དག་རྦད་དེ་རྩ་མེད་བཟོས་པ་རེད། ད་ཆ་མི་མང་ནང་ལ་ཡ་རབས་དང་བཟང་སྤྱོད་ཟེར་བ་དེ་ཧ་ཅང་ཉམས་རྒུད་ཕྱིན་ཡོད་པ་དེ་བསྐྱར་གསོ་བྱ་རྒྱུ་དེ་ནི་ཡུན་རིང་པོ་འགོར་རྒྱུ་ཞིག་རེད། ཁོང་ཚོའི་སེམས་ཁྲལ་ཆེ་ཤོས་གནས་ཚུལ་འདིའི་ཐོག་ལ་འདུག རྒྱ་ནག་ནང་ཡ་རབས་བཟང་སྤྱོད་བསྐྱར་གསོ་དང་གོང་འཕེལ་གཏོང་རྒྱུ་དེ་བོད་པར་རེ་བ་རྒྱག་ཀྱི་ཡོད་ཅེས་འདི་འདྲ་བརྗོད་ཀྱི་འདུག འདི་འདྲ་བརྗོད་མཁན་ཡང་རྒྱ་མི་ཤེས་ཡོན་ཅན་རེད། དེ་དག་བརྗོད་སྐབས་ཁོང་ཚོས་ངོས་ཐུག་ནས་སྐད་ཆ་འདྲ་ཆགས་པོ་བཤད་པ་དེ་འདྲ་མ་རེད། ཁོང་ཚོས་མིག་ཆུ་གཏོང་བཞིན་འདི་འདྲ་བརྗོད་ཀྱི་འདུག དེ་ཚོ་མཐོང་དུས་ང་ཚོ་བོད་པའི་རིན་ཐང་དེ་གཞི་ནས་ངོ་འཕྲོད་ཀྱི་འདུག དེར་བརྟེན་ང་ཚོ་གངས་ཅན་པ་ཞེས་མིང་ཐོགས་པའི་ཤ་ཁྲག་རུས་གསུམ་ཡོད་པ་དེར་སྤོབས་པ་སྐྱེ་དགོས། འདི་ནི་ངོས་རང་ས་ཆ་ག་པར་ཕྱིན་ཡང་བོད་པ་ཚོར་རྟག་པར་ཤོད་ཀྱི་ཡོད། ང་ཚོ་བཙན་བྱོལ་བ་ཞིག་ཆགས་ཏེ། སོ་སོའི་ལུང་པར་ཆ་བཞག་ན་གནས་ཚུལ་ཐབས་སྐྱོ་བོ་ཞིག་གི་སྒང་ལ་བསྡད་ཡོད། ཧ་ལམ་མི་རིགས་ཆག་འཇིགས་ལྟ་བུའི་གནས་སྟངས་ཤིག་ལ་སླེབས་ཡོད་ཀྱང་ང་ཚོ་དཔའ་ཞུམ་དགོས་རྒྱུ་གང་ཡང་མེད། སེམས་ཀྱི་སྤོབས་པ་འདི་ནམ་ཡང་བརླག་རྒྱུ་མེད། གཙོ་ཆེ་ཤོས་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ཁོང་རྣམས་ཧ་ལམ་སྲོག་ལ་ཉེན་ཁ་ཡོད་ནའང། སོ་སོའི་མི་རིགས་ཀྱི་ལྟ་བ་བཟུང་སྟེ་ལོ་མང་རིང་བསྡད་ཡོད་པ་མ་ཟད།
ད་ལྟ་ཡིན་ནའང་སེམས་ཤུགས་ཆེན་པོ་ག་འདྲ་མི་འདུག་གམ། འཇིགས་སྐྲག་འོག་ལ་སྡོད་མཁན་ཚོས་སེམས་ཤུགས་དེ་འདྲ་བྱེད་དུས་ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་དེ་བས་ཀྱང་སེམས་ཤུགས་བསྐྱེད་དགོས་པ་རེད་མ་གཏོགས། བོད་ནང་གི་བོད་མི་ཚོས་སེམས་ཤུགས་དེ་འདྲ་འཁྱེར་ཏེ་སྡོད་སྐབས་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་རང་མགོ་གང་ཐོན་གྱི་བསམ་བློ་བཏང་ནས་བསྡད་ན་ལས་འབྲས་དང་མ་མཐུན་པ་རེད། ཤེས་སོང་ངམ། དེར་བརྟེན་ཁྱེད་རང་ཚོ་ཚང་མས་རང་ཉིད་བོད་མི་རིགས་དང་བོད་པ་ཡིན་བསམ་པའི་འདུ་ཤེས་དེ་མ་བརྗེད་པ་བྱེད་དགོས། གང་ལྟར་མ་ཤི་བར་དུ་བོད་པའི་ཤ་ཁྲག་རུས་གསུམ་འདི་ལ་འགྱུར་བ་འགྲོ་རྒྱུ་མེད། ངོས་ནས་རྩེད་མོ་དང་སྦྲགས་བརྗོད་ཀྱི་ཡོད། སྐྲ་ལ་ཚོས་བརྒྱབ་སྟེ་སེར་པོ་བཟོ་ཐུབ་པ་དང་སྣ་ཁུག་ཆུང་དྲགས་ན་ཕྲན་བུ་ཆེ་རུ་གཏོང་ཐུབ་ཀྱི་རེད།
འོན་ཀྱང་བོད་པའི་ཤ་ཁྲག་རུས་གསུམ་འདིར་བསྒྱུར་བཅོས་གཏོང་རྒྱུ་མེད། གང་ལྟར་མ་ཤི་བར་དུ་བོད་པ་ཞེས་པའི་མིང་འདི་ག་དུས་ཡིན་ཡང་སོ་སོའི་སྟེང་འཇགས་ཡོད། དེར་བརྟེན་བོད་མི་རིགས་ཀྱི་སྤོབས་པ་བྱེད་རྒྱུ་དང་། དེ་བཞིན་བོད་རྒྱ་ཆེའི་མི་མང་ཁོང་རྣམ་པའི་རེ་འདུན་ཆེན་པོ་ཞིག་ང་ཚོའི་ཐོག་སྤུངས་ཡོད་སྟབས་དེ་མ་བརྗེད་པ་བྱས་ཏེ་ག་དུས་ཡིན་ནའང་ང་བོད་པ་ཡིན་བསམ་པའི་བློ་ཞིག་དང་། བོད་རྒྱ་ཆེའི་མི་མང་གི་རེ་འདུན་སྐོང་མཁན་གྱི་གྲས་ཤིག་ཡིན་བསམ་པའི་བློ་ཞིག་ངེས་པར་དུ་དགོས། ལྷག་པར་ན་གཞོན་རྣམས་ལ་སློབ་སྦྱོང་བྱེད་རྒྱུའི་སྒྲིག་འཛུགས་བཟོས་པ་ཡག་པོ་བྱུང་འདུག བོད་སྐད་མ་བརྗེད་པ་བྱེད་རྒྱུ་དང་བོད་སྐད་སྦྱོང་རྒྱུའི་ཆེད་བོད་ཡིག་སྦྱོང་རྒྱུ་གལ་ཆེན་པོ་ཡིན། བོད་ཡིག་གི་རིན་ཐང་ངོ་འཕྲོད་པ་ལ་སངས་རྒྱས་ཀྱི་ཆོས་ཀྱི་འགྲོ་སྟངས་ལ་ཏོག་ཙམ་བསམ་བློ་བཏང་བ་ཡིན་ན། བོད་ཡིག་གི་སྤུས་ཚད་དེ་གཞི་ནས་ཤེས་ཀྱི་རེད། སྤྱིར་བཏང་བཟའ་སྐད་འཐུང་སྐད་དང་ཡང་སྒོས་འཛམ་གླིང་གི་ཚན་རིག་དང་དཔལ་འབྱོར། ཁྲིམས་ཀྱི་འགྲོ་སྟངས་འདི་འདྲའི་གནས་སྟངས་ཐོག་ལ་ཡིན་ན་བོད་སྐད་མི་དགོས་པ་ལྟ་བུ་ཞིག་རེད། བརྗོད་གཞི་འདི་དག་ནང་བོད་ཡིག་འཚར་ལོངས་དང་ཡར་རྒྱས་ཡོང་བ་བྱ་རྒྱུ་གལ་ཆེན་པོ་ཡིན།
བོད་སྤྱིའི་གནས་སྟངས་ལ་ཆ་བཞག་ན་སྤྱི་ཡོངས་ཀྱི་ཆ་ནས་རྩིས་ན་གང་ལྟར་བོད་ཀྱི་དཀའ་ངལ་དེ་རྒྱ་ནག་གི་བོད་ལ་དབང་སྒྱུར་བྱས་པའི་འབྲས་བུར་བོད་པའི་སེམས་ལ་མ་རན་པ་ཞིག་དང་བོད་པའི་ཆོས་དང་རིག་གཞུང་ལ་སྡང་སེམས་བྱེད་རྒྱུ། དེ་ཡང་བོད་པའི་ཆོས་དང་རིག་གཞུང་ཇི་ཙམ་གནས་པ་དེ་ཙམ་དུ་ཁ་བྲལ་འགྲོ་གི་རེད་བསམ་པའི་དངངས་སྐྲག་བྱས་པའི་ཐོག་ནས་བསམ་བཞིན་དུ་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་མེད་པ་བཟོ་བ་སོགས་བྱེད་ཀྱི་འདུག དེར་བརྟེན་བོད་པའི་བློ་མ་རང་བའི་གནས་ཚུལ་འདི་དག་བྱུང་བ་རེད། དེ་ནི་ཆབ་སྲིད་ཀྱི་གནས་ཚུལ་གོ་རྟོགས་ཆེན་པོ་ཡོད་པས་མིན།
གང་ལྟར་བོད་པ་རང་ཉིད་ཀྱི་ཧ་ཅང་རྩ་ཆེན་པོ་དང་ཕན་ཐོགས་ཡོད་པའི་སོ་སོའི་ཆོས་དང་རིག་གཞུང་གཏིང་ཟབ་དེ་ལ་མཐོང་ཆུང་དང། ཁྱད་གསོད། ག་ལེར་བོད་ཀྱི་ཆོས་དང་རིག་གཞུང་མེད་པ་བཟོ་རྒྱུའི་གནས་ཚུལ་ཡོང་ཡོད་པར་སོང་།
བོད་པ་ཚོ་ནད་མ་ཁྱོག་པར་སྐད་འབོད་བྱེད་རྒྱུའི་གནས་ཚུལ་འདི་རེད། འདས་པའི་ལོ་ ༦༠ ནང་གུང་ཁྲན་ཏང་གཅིག་པ་ཡིན་ཡང་རྒྱ་ནག་ནང་དང་། ལྷག་པར་རྒྱ་རིགས་ཤེས་ཡོན་ཅན་ནང་ལ་བསམ་བློའི་འགྱུར་བ་ཧ་ལས་པ་འགྲོ་གི་ཡོད། བོད་ནང་ཕྱི་ལོ་ ༢༠༠༨ གྱི་གནས་ཚུལ་བྱུང་རྗེས་རྒྱ་ནག་ནང་བོད་ཀྱི་སྐོར་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་ཕྱིན་ཡོད། དེ་བཞིན་རྒྱ་ནག་ནང་སྤྱི་ཡོངས་ཀྱི་ཆ་ནས་བརྩིས་ནའང་གུང་ཁྲན་ཏང་གི་གཅིག་སྡུད་ཀྱི་དབང་ཆ་བཟུང་རྒྱུ་དེར་སྐྱོན་ཆ་འདུག་ཅེས་ཉེ་བའི་ཟླ་བ་ཁ་ཤས་ནང་སྐད་ཆ་འདི་བརྗོད་མཁན་མང་པོ་འཐོན་བཞིན་འདུག འགྱུར་བ་ཏན་ཏན་འགྲོ་གི་རེད།
འགྱུར་བ་མ་འགྲོ་བར་ཐབས་མེད། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་རེད། འོན་ཀྱང་འཛམ་གླིང་སྤྱི་དང་མཐུན་པའི་འགྲོ་ཕྱོགས་ལ་འགྲོ་དགོས་པ་རེད་མ་གཏོགས་འཛམ་གླིང་སྤྱི་དེ་མདུན་སྐྱོད་བྱེད་པའི་དུས་དེར་རྒྱ་ནག་རྒྱལ་ཁབ་རྒྱབ་ཤིག་བརྒྱབ་ནས་འགྲོ་ཐབས་རྩ་བ་ནས་མེད། དེ་ནི་ཆོས་ཉིད་རེད། རུ་སུར་ཆ་བཞག་ན་རིམ་པས་འཛམ་གླིང་སྤྱི་དང་མཐུན་པར་འགྲོ་རྒྱུ་མ་གཏོགས་ལམ་གཞན་རྙེད་མེད་པ་ཤེས་གསལ་རེད། དེར་བརྟེན་རྒྱ་ནག་ནང་ལའང་སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་རྒྱུ་ཏན་ཏན་རེད། ལྷག་པར་བོད་པའི་གནས་ཚུལ་ལ་ཆ་བཞག་ན་རྒྱ་རིགས་ཤེས་ཡོན་ཅན་མང་པོས་བོད་པར་ཤ་ཚ་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་གི་ཡོད། ཕྱི་ལོ་ ༢༠༠༨ ནང་གི་གནས་ཚུལ་བྱུང་རྗེས་ང་ཚོས་ཤེས་པའི་ནང་ཕལ་ཆེར་བོད་པའི་སྐོར་རྒྱ་ཡིག་ནང་རྩོམ་ཡིག་སྤེལ་བ་ཧ་ལམ་ ༩༠༠ ལྷག་ཙམ་བཏོན་ཡོད། དེ་ཚོ་ཚང་མ་བོད་པར་རྒྱབ་སྐྱོར་དང་ང་ཚོའི་དབུ་མའི་ལམ་དེ་ཁ་བྲལ་མིན་པ་མི་རིགས་འདྲ་མཉམ་ཞིག་དང་རང་དབང་དགོས་ཀྱི་འདུག་ཅེས་བརྗོད་པ་དེར་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་དང་ཤ་ཚ་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གི་མི་རིགས་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། དེ་དག་བོད་པའི་ཐོབ་ཐང་གི་ཐོག་ལ་རྒྱ་རིགས་ཀྱི་ནང་ནས་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་གི་ཡོད་པ་དེ་ཧ་ཅང་གསལ་པོ་རེད། གང་ལྟར་བོད་ཀྱི་དཀའ་ངལ་དེ་རྒྱ་བོད་མི་རིགས་གཉིས་དབར་སེལ་རྒྱུ་རེད་མ་གཏོགས་རྒྱ་བོད་མི་རིགས་གཉིས་གདོང་ཐུག་བྱས་ཏེ་རྒྱལ་ཕམ་གཏོང་ཐུབ་རྒྱུ་མེད་པ་རེད་ལ་བཏང་ན་ཡང་ཕལ་ཆེར་མཐར་ཐུག་འཚེ་བའི་ལམ་ལ་འགྲོ་རྒྱུ་རེད་མ་གཏོགས་ལམ་ཁ་གཞན་མེད།
དེར་བརྟེན་བོད་ཀྱི་དཀའ་ངལ་འདི་རྒྱ་བོད་མི་རིགས་ཕན་ཚུན་གཉིས་ཀས་བསམ་བློ་ཉན་ཤེས་གོ་ཤེས་ཡོད་པ་ཞིག་བྱས་ཏེ་དཀའ་ངལ་སེལ་ཐུབ་པ་བྱེད་དགོས་ཀྱི་རེད། ལྷག་པར་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། རྒྱ་ནག་གཞུང་གྱི་འབྲེལ་ཡོད་མི་ཚོ་ཐུག་ནས་དམིགས་བསལ་གྲུབ་འབྲས་ཡོང་གི་ཡོད་པ་མ་རེད། ཐུག་རིམ་བཞིན་བཀའ་བཀྱོན་ཟེད་དུ་འགྲོ་མཁན་ལྟ་བུ་ཞིག་དང་ཁོང་ཚོའི་ངོས་ནས་ང་ཚོར་རྟག་པར་སྐྱོན་བརྗོད་བྱེད་ཀྱི་ཡོད། ཡིན་ནའང་རྒྱ་མིས་སྐྱོན་བརྗོད་ཇི་ཙམ་མང་བ་བྱས་ཀྱང་ཁོ་རང་ཚོ་ཕོ་རོག་དཀར་པོ་ཆགས་རྒྱུ་རེད་མ་གཏོགས་ང་ཚོར་གནོད་རྒྱུ་གང་ཡང་མི་འདུག བར་སྐབས་ཤིག་ལ་རྒྱ་མིས་༸རྒྱལ་བ་རིན་པོ་ཆེ་བདུད་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། ངོས་ནས་ཀྱང་རྩེད་མོ་རྩེས་ཏེ་བདུད་ལ་རྭ་ཅོ་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད། དེ་ཁྱད་པར་མི་འདུག་ཁོ་རང་ཚོ་ཁ་ན་རོགས་རེད་མ་གཏོགས་ངོས་བདུད་ནི་ཆགས་ཀྱི་མ་རེད། ངོས་ནི་མི་རང་ཡིན་ལ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་དགེ་སློང་ཞིག་ཡིན། མི་སུ་ལའང་གང་ཕན་ཕན་བྱེད་ཀྱི་ཡོད། ཁྱེད་ཚོས་ཤེས་གསལ་ལྟར་རེད། དེ་སང་འཛམ་གླིང་འདིའི་སྟེང་ལ་༸རྒྱལ་བ་རིན་པོ་ཆེ་ཞེས་མོས་པ་ཡོད་པའི་མི་མཐོ་ཤོས་གྲས་སུ་སླེབས་ཀྱི་འདུག དེར་བརྟེན་མི་ཚོས་དགའ་པོ་བྱེད་ས་དེར་བདུད་རེད་ཅེས་བརྗོད་མཁན་དེ་ཁྱད་མཚར་ཞིག་ཆགས་ཡོད། དེ་དག་ནི་བློ་རྒྱ་ཆུང་ཆུང་གི་སྐད་ཆ་རེད། ཅེས་བཀའ་སློབ་སྩལ་ཡོད། དེའི་རྗེས་སྐུའི་འཕྲོད་བཞེས་སྐོར་བཀའ་སློབ་ཕེབས་དོན། ཁ་ཉིན་མ་ཡོ་སྨན་ཁང་ནང་བརྟག་དཔྱད་བྱེད་སྐབས་གཟུགས་པོའི་གནས་སྟངས་ཧ་ཅང་ཡག་པོ་འདུག་ཅེས་སྨན་པའི་བརྗོད་བྱུང་། ཞེས་བཀྲ་ཤིས་གཏམ་བཟང་གི་བཀའ་སློབ་ཟབ་མོ་སྩལ་བར་སྤྱིར་མི་མང་རྣམས་དང་ཡང་སྒོས་ཞི་བདེར་དགའ་བའི་མི་རིགས་རྣམས་སྤྲོ་སྣང་ཆེན་པོ་ལྡན་པར་གྱུར་བ་བཅས།