༢༠༡༦ ཟླ་ ༤ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས། ༸གོང་ས་མཆོག་ལ་དགོངས་སེལ་དང་ཁོང་གི་བཀའ་དགོངས་བསྒྲུབ་རྒྱུ་གལ་ཆེ་ཡིན་པ་དང་། ད་ཆ་འོས་བསྡུའི་ལས་རིམ་ཡོངས་སུ་མཇུག་སྒྲིལ་ཟིན་སྟབས། ཆོལ་གསུམ་བོད་མི་ནང་ཁུལ་ལབ་གླེང་མི་དགོས་པར་རྡོག་གཅིག་ཏུ་སྒྲིལ་ནས་རྩ་དོན་ཆེད་ནུས་པ་མཉམ་སྤུང་གནང་རོགས་ཞེས་ཚོར་ཤུགས་ཆེན་པོས་འབོད་སྐུལ་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཐུན་མོང་གིས་གསར་འགོད་ལྷན་ཚོགས་བསྐོང་ཡོད། སྐབས་དེར་ཐོག་མར་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསར་འགོད་གསལ་ལྷན་ཚོགས་ཀྱི་ངོ་སྤྲོད་མདོར་ཙམ་གནང་རྗེས་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན། དེ་རིང་དཔལ་ལྡན་སྲིད་སྐྱོང་མཆོག་ངེད་གཉིས་ཀྱིས་བཀའ་སྤྱི་ལྷན་རྒྱས་དང་། ལྷག་པར་ངེད་གཉིས་སྲིད་སྐྱོང་གི་འོས་མི་ཆགས་ཡོད་པར་བརྟེན། བར་ལམ་ཕྱི་ཟླ་ ༣ ཚེས་ ༢༣ ལ་ང་ཚོའི་ལས་དོན་བྱེད་ཕྱོགས་སྤྱི་དང་བཟང་སྤྱོད་ཀྱི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ལ་མ་བབ་པའི་གནས་ཚུལ་བྱུང་ཡོད། དེ་བཞིན་ལྷ་སྲུང་ཆོས་སྐྱོང་རྣམ་པ་ཚོའི་བཀའ་ལུང་ནང་ལའང་འོས་བསྡུའི་ལས་རིམ་དང་འབྲེལ་བའི་ཐོག་ནས་འོས་མི་བཞེངས་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཚོའི་བྱ་སྤྱོད་ཀྱི་ཐོག་ནས་ཆོལ་ཁ་དང་ཕྱོགས་རིས་ཀྱི་རྣམ་འགྱུར་མང་པོ་ཞིག་ཐོན་པའི་རྒྱུ་མཚན་ལ་བརྟེན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་བྱུང་བའི་གནས་ཚུལ་བྱུང་ཡོད། ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཁོང་རུས་པའི་གཏིང་ནས་བཟོད་གསོལ་ཞུ་རྒྱུའི་མཇལ་ཁ་ངང་སྒུག་ཞུ་བཞིན་ཡོད། འོས་བསྡུའི་ལས་རིམ་ཐོག་ནས་ད་བར་བྱུང་ཟིན་པ་དེ་འདས་པ་རེད། དེར་བཅོས་ཐབས་ང་ཚོར་མེད། གཙོ་བོ་མ་འོངས་པར་གང་འདྲ་བྱེད་དགོས་མིན་དེ་རེད། ངེད་གཉིས་སྒེར་ངོས་ནས་མ་འཆམ་པའི་རྒྱུ་མཚན་རྩ་བ་ཉིད་ནས་མེད།
དེ་བཞིན་ཕན་ཚུན་འཁོན་འཛིན་བྱེད་རྒྱུའི་གནས་སྟངས་ཡང་མེད། བོད་ཆོལ་ཁ་གསུམ་གྱི་མང་ཚོགས་རྣམས་རྡོག་གཅིག་ཏུ་བསྒྲིལ་ནས་ནུས་པ་མཉམ་སྤུང་བྱེད་རྒྱུའི་འགན་དེ་ང་ཚོ་ཚང་མར་ཡོད་པར་བརྟེན། ཁ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནམ་ཐང་དུ་ཆོལ་ཁ་གསུམ་ཆིག་སྒྲིལ་ཡོང་རྒྱུའི་འགན་དེ་ཁྱེད་རང་གཉིས་ཀར་ཡོད་ཅེས་བཀའ་སློབ་ཕེབས་པ་བཞིན། དེ་རིང་འདིར་སླར་ཡང་ངེད་གཉིས་ཀྱི་ཐོག་ནས་འབོད་སྐུལ་ཞུ་རྒྱུ་ནི། ང་ཚོའི་འོས་བསྡུའི་ལས་རིམ་གྲུབ་ཟིན་པ་རེད། རྩ་བའི་འོས་བསྡུའི་ལས་རིམ་སྐབས་སུས་སུ་ལ་རྒྱབ་སྐྱོར་བྱེད་མིན་རང་མོས་རེད། འོན་ཀྱང་གཞི་མེད་ཀྱི་སྐྱོན་བརྗོད་བྱེད་རྒྱུ་དང་། ད་ལྟ་ཡིན་ནའང་ཉེ་ཆར་སྤྱན་འདྲེན་སྐབས་ཀྱི་བཀའ་ལུང་དེ་ཚོར་ཡང་བཟོ་བཅོས་བྱས་ནས་གཏོང་རེས་བྱས་པ་དེ་གྲས་ཧ་ཅང་ཐབས་སྐྱོ་བའི་གནས་ཚུལ་རེད། ད་ཆ་མིས་མ་ཟད་ལྷས་ཀྱང་། འདི་འདྲ་ངོས་ཀྱི་བཤད་རྒྱུ་མ་བྱུང་། ཞེས་གསུང་བྱོན་རྒྱུའི་གནས་སྟངས་ལྟ་བུ་ཆགས་ཡོད།
དེར་བརྟེན་ཕྱོགས་ཕན་ཚུན་ཚང་མས་གནོད་སྐྱེལ་རྒྱུའི་ལས་ཀ་མ་བྱས་པར་༸རྒྱལ་བ་རིན་པོ་ཆེའི་བཀའ་བསྒྲུབ་རྒྱུ་དང་བོད་དོན་བདེན་མཐའ་གསལ་རྒྱུའི་ཆེད་ང་ཚོ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ལས་ཀ་བྱེད་རོགས་གནང་། ངེད་གཉིས་པོར་རྒྱབ་སྐྱོར་གནང་མཁན་ཚང་མས་ད་ཕན་གྱི་གནས་ཚུལ་དེ་ཕར་བཞག་ནས་ཆིག་སྒྲིལ་གྱི་ནུས་པ་སྤུང་སྟེ་མཉམ་རུབ་ཐོག་འགྲོ་རྒྱུ་དེ་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་དང་། ད་ཕྱིན་ཆད་གཅིག་གིས་གཅིག་ལ་གནོད་བྱེད་རྒྱུ་དང་ཆིག་སྒྲིལ་གྱི་ནུས་པ་གཏོར་བཤིག་གཏང་རྒྱུའི་ལས་ཀ་སུས་བྱེད་ཀྱི་ཡོད་ཀྱང་དེ་ཚོ་ཚང་མ་མཚམས་འཇོག་གནང་རོགས་ཞེས་ཞུ་རྒྱུ་དང་། སྲུང་མའི་བཀའ་ལུང་བཅོས་མཁན་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ནམ་རྒྱ་ནག་གཞུང་གི་རྒྱུག་ཁྱི་ཚོ་རེད་སྙམས་པའི་དོགས་པ་ཡོད། སླད་ཕྱིན་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོས་ཆིག་སྒྲིལ་བྱེད་རྒྱུ་ལས། ད་དུང་མུ་མཐུད་ནས་ཕུ་དཀྲོག་མདའ་དཀྲོག་རིགས་བྱེད་མཁན་བྱུང་ཚེ་རྒྱ་ནག་གི་རྒྱུག་ཁྱི་དང་། དོལ་རྒྱལ་བསྟེན་མཁན་གྱི་ལག་ཆར་འགྱུར་གྱི་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། དེ་འདྲ་རྩ་བ་ནས་མ་གནང་རོགས། ཞེས་ངས་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་གི་ཡོད། ངར་རྒྱབ་སྐྱོར་བྱེད་མཁན་ཚོ་ལའང་དེ་སྔ་ཞུས་ཟིན་པ་ཡིན། སོ་སོས་བཤད་དགོས་པ་དེ་དག་བཤད་པ་རེད། འོན་ཀྱང་དེ་ཚོ་གཞི་རྩ་ཡོད་པའི་ཐོག་ནས་བཤད་དགོས་པ་རེད་མ་གཏོགས། གཞི་རྩ་མེད་པའི་རྫུན་ཤོད་རྒྱུ་དེ་དག་རྩ་བ་ནས་མ་བཤད་རོགས། སྐད་འཕྲིན་ཚོགས་པ་དེ་ཚོ་ཡང་འོས་བསྡུའི་ལས་རིམ་ཚར་བའི་རྗེས་མཚམས་འཇོག་བྱེད་རོགས་ཞེས་ཞུས་པ་ཡིན། མང་པོ་ཞིག་གིས་མཚམས་བཞག་འདུག དེ་བཞིན་རྒྱབ་སྐྱོར་གནང་མཁན་ཚོའི་ངོས་ནས་དེ་རིང་ནས་བཟུང་ཚང་མ་མཚམས་བཞག་སྟེ་བོད་སྤྱི་པའི་དོན་དུ་ནུས་པ་སྤུང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། ད་ལྟ་སྲིད་སྐྱོང་འོས་མི་དང་དཔལ་ལྡན་ཚོགས་གཙོས་མི་མང་ལ་འབོད་སྐུལ་གནང་བ་དེར་མཐའ་གཅིག་ཏུ་མོས་མཐུན་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཚང་མས་མཁྱེན་གསལ་རེད། ཉེ་ཆར་བཀའ་ལུང་ནང་ང་ཚོའི་སྤྱི་ཚོགས་ནང་དམ་ཚིག་དང་རྡོག་རྩ་ཆིག་སྒྲིལ་དགོས་ལུགས་ཕེབས་པ་བཞིན་གཙོ་ཆེ་ཤོས་ང་ཚོའི་སྤྱི་ཚོགས་ནང་དམ་ཚིག་དང་རྡོག་རྩ་ཆིག་སྒྲིལ་ཡོད་ན་སྤྱི་མཐུན་བསོད་ནམས་བསགས་ཀྱི་ཡོད། སྤྱི་མཐུན་བསོད་ནམས་ཇི་ཙམ་བསགས་པ་དེ་ཚོད་ཀྱིས་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་འཚོ་བཞུགས་མཛད་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད་སྟབས། དེ་སྔ་ཡང་ཞུས་པ་བཞིན་ང་ཚོའི་སྤྱི་ཚོགས་ནང་དམ་ཚིག་གཙང་མ་དང་རྡོག་རྩ་ཆིག་སྒྲིལ། མཐུན་འབྲེལ་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དེར་བརྟེན་འོས་བསྡུའི་སྐབས་རྒྱབ་སྐྱོར་གནང་མཁན་དང་མི་མང་ཡོངས་ལ་འབོད་སྐུལ་ཞུ་རྒྱུར། འོས་བསྡུའི་ལས་རིམ་ཚར་བ་རེད། ང་ཚོ་ཚང་མ་རྡོག་རྩ་ཆིག་སྒྲིལ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན། འོས་བསྡུའི་ལས་རིམ་སྐབས་མི་མང་ནང་ཏན་ཏན་ཐུགས་ཕམ་དགོས་པའི་གནས་སྟངས་ཆགས་ཡོད་པར་ངོས་འཛིན་ཞུས་པ་དང་ཆབས་ཅིག མི་མང་ལ་ཡང་བཟོད་གསོལ་ཞུ་གི་ཡོད། ཉེ་ཆར་༸གོང་ས་མཆོག་ནས་བཀའ་སློབ་ལྗིད་པོ་ཕེབས་པ་དེ་དག་ཡིད་ལ་བརྣག་སྟེ་དགོངས་པ་མ་དྭངས་བར་དགོངས་སེལ་ཞུ་རྒྱུ་རེད། དེ་ལས་གལ་ཆེ་བ་དེ་བཀའ་སློབ་ཕེབས་པ་དེ་དག་ཡིད་ལ་འཇགས་པའི་ཐོག་ནས་ལག་བསྟར་བྱེད་རྒྱུ་དེ་གལ་ཆེ་ཤོས་རེད། བཀའ་ཤག་འདིའི་ཐོག་ནས་འཕྲོད་བསྟེན་དང་ཉམ་ཐག དེ་བཞིན་ཡ་རབས་བཟང་སྤྱོད་དང་འོས་བསྡུའི་སྒྲིག་གཞི་ཐོག་ནས་ཡིན་རུང་། ད་བར་བཀའ་སློབ་ཕེབས་པ་དེ་དག་གལ་ཆེན་པོར་བརྩི་སྟེ་ལས་རིམ་བང་སྒྲིག་བཞིན་ཡོད། སླད་ཀྱང་བཀའ་ཤག་གསར་པས་ཏན་ཏན་ལག་བསྟར་གནང་རྒྱུའི་ཡིད་ཆེས་ཞུ་བཞིན་ཡོད། གང་ཡིན་བརྗོད་ན། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་སུ་ཞིག་ཀྱང་མེད། བོད་ཀྱི་ལོ་རྒྱུས་ནང་གཟིགས་པ་ཡིན་ནའང་རེད། བོད་ཕྱི་ནང་གཉིས་ཀའི་མི་མང་གི་རྡོག་རྩ་ཆིག་སྒྲིལ། བོད་ནང་གི་བོད་མིའི་སྙིང་སྟོབས་ལ་གཟིགས་ནའང་རེད། ང་ཚོ་བཙན་བྱོལ་ནང་ཐོག་མའི་སྐབས་གནས་སྟངས་ཧ་ཅང་སྐྱོ་པོ་ཡོད་ཀྱང་ད་ཆ་ཚགས་ཚུད་ཐག་ཆོད་ཡོད་པ་མ་ཟད། རྒྱལ་སྤྱིའི་སྡིངས་ཆའི་སྟེང་སྙོབ་ཐུབ་བཞིན་ཡོད། དེ་དག་ཚང་མ་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་བཀྲིན་ཉག་གཅིག་ལ་བརྟེན་ནས་བྱུང་ཡོད།
དེར་བརྟེན་བོད་ཀྱི་རྩ་དོན་དང་ལོ་རྒྱུས་སོགས་གང་ཅིའི་ཐད་ནས་ཁོང་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་གཏན་ནས་མེད་སྟབས། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་ཀྱིས་བཀའ་སློབ་ལམ་སྟོན་སྩལ་བ་དེ་དག་ལག་བསྟར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་ངོས་ནས་༸གོང་ས་མཆོག་གིས་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད། ད་ཉིན་ནས་བཟུང་སྤྱི་ཚོགས་ནང་དམ་ཚིག་དང་མཐུན་སྒྲིལ། ཆིག་སྒྲིལ་སྔར་ལྷག་ཡོང་ཆེད་འབད་བརྩོན་ཞུ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་པ་བཞིན་འབད་བརྩོན་ཡང་ཞུ་རྒྱུ་ཡིན། ཐེངས་འདིར་འོས་བསྡུའི་ལས་རིམ་སྐབས་ཙམ་མ་ཟད། འོས་བསྡུའི་ལས་རིམ་ཡོངས་སུ་མཇུག་སྒྲིལ་ཟིན་ནའང་ཆོལ་ཁའི་འཐེན་ཁྱེར་དང་ཕྱོགས་ཞེན་སྐད་ཆ་མུ་མཐུད་འགྲོ་བཞིན་འདུག དེར་བརྟེན་ངོས་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མས་འོས་བསྡུའི་ལས་རིམ་མཚམས་འཇོག་ཟིན་སྟབས། བོད་མི་ཞིག་ཡིན་པའི་ངོས་ནས་ང་ཚོའི་བོད་སྤྱི་ལ་ཕན་པའི་འགན་ཁུར་གནང་སྟེ་མུ་མཐུད་ཕྱག་ལས་གནང་རོགས་ཞེས་ཞུས་རྒྱུ་གཙོ་བོ་འདི་ཡིན།
དེ་བཞིན་མི་མང་ནང་ལའང་ང་ཚོ་སྤྱི་པའི་བསམ་བློ་བཏང་སྟེ་བོད་ཕྱི་ནང་གཉིས་ཀའི་མངོན་འདོད་བསྒྲུབ་ཆེད་སྐུ་ལས་སྐྱོན་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པར་བརྟེན། དེའི་ཐོག་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ནུས་པ་འདོན་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་རྗེས། སླར་ཡང་ཚོགས་གཙོ་མཆོག་གིས། གཞིས་བཞུགས་བོད་མི་རྣམས་ལ་ཐུགས་ཕམ་བྱུང་ཡོད་ཚེ་ངེད་གཉིས་ཐུན་མོང་ཐོག་ནས་དགོངས་སེལ་ཞུ་རྒྱུ་ཡིན། མ་འོངས་པར་ཡང་བོད་ནང་གི་བོད་མི་ཚོས་བློ་བདེའི་ངང་བཞུགས་རོགས། ངེད་གཉིས་ནས་ཀྱང་བོད་མི་ནང་ཁུལ་མཐུན་སྒྲིལ་གོང་སྤེལ་ཡོང་རྒྱུར་འབད་བརྩོན་གང་ཐུབ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་། །