༢༠༡༦ ཟླ་ ༤ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་དང་བཅས་ལྡི་ལི་ནས་ཐད་ཕུར་གནམ་གྲུ་བརྒྱུད་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁཎྜ་མངའ་སྡེའི་རྒྱལ་ས་སྡེ་ར་ལྡུན་གྱི་ཉེ་འགྲམ་རཱ་ཇི་པུར་ཐད་ཕུར་གནམ་གྲུ་བབ་ཚུགས་སུ་༸ཞབས་སོར་བདེ་བར་འཁོད་བསྟུན། ཆིབས་འགྲོའི་ནང་ཝ་ན་མཚམས་ཁང་ཕྱོགས་སུ་ཆིབས་༸ཞལ་སྒྱུར་སྐབས། ལམ་ཟུར་གཡས་གཡོན་དུ་ཁུལ་དེའི་ས་གནས་བོད་མི་སེར་སྐྱ་རྒན་གཞོན་ཕོ་མོ་བཅས་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ལག་ཏུ་དཀར་གཙང་མཇལ་དར་དང་། མེ་ཏོག བདུག་སྤོས་སོགས་ཐོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་མགོན་པོ་གང་ཉིད་མཆོག་མཚམས་ཁང་དེར་༸ཞབས་སོར་འཁོད་བསྟུན། སྐུ་ཞབས་ཝིར་སིངྒ་ལགས་ཀྱིས་གཙོས་འབྲེལ་ཡོད་རྣམས་ཀྱིས་དད་གུས་དང་བཅས་ཕེབས་བསུར་བཅར་ནས་མཚམས་ཁང་ནང་གདན་འདྲེན་ཞུས། སྐབས་དེར་ཚོགས་ཁང་ནང་དུ་དད་ལྡན་མང་ཚོགས་ ༤༥༠ ཕེབས་སྒུག་ཞུ་བཞིན་ཡོད་སྟབས། ༸གོང་ས་མཆོག་ཚོགས་ཁང་ནང་༸ཞབས་སོར་འཁོད་མ་ཐག་ཚང་མས་དགའ་བསུ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཐུགས་བརྩེ་ཆེན་པོས་གཟིགས་པ་མཛད། དེ་རྗེས་ཞབས་སྟེགས་ཐོག་༸ཞབས་སོར་འཁོད་མཚམས་སྐུ་ཞབས་ཝིར་སིངྒ་ Veer Singh ལགས་ཀྱིས་ཕེབས་བསུའི་གསུང་བཤད་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་འཛིན་གྱི་སྐྱེ་མཆོག སྨག་རུམ་མུན་པའི་ཁྲོད་སྒྲོན་མེ་ཐོགས་པའི་གང་ཟག་ལྟ་བུ་ཡིན། ཞེས་སོགས་ཀྱི་ངོ་སྤྲོད་སྙིང་བསྡུས་ཤིག་ཞུས་གྲུབ་བསྟུན། ༸གོང་ས་མཆོག་ལ་བླང་དོར་གྱི་བཀའ་སློབ་སྩལ་རྒྱུའི་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་མཆེད་ཕོ་མོ་རྣམ་པ། ངོས་ཀྱི་སེམས་ཐག་ཉེ་བའི་གྲོགས་པོ་སྐུ་ཞབས་ཨ་ནིལ་ཇི་ཏི་སིངྒ་ Analjit Singh མཆོག་གིས་ངོས་རང་འདིར་ཡོང་རོགས་གསུང་སྐབས་ཁོང་གི་གསུང་ཟློག་མ་ནུས་པར་དེ་རིང་འདིར་བཅར་བ་ཡིན།
ཁྱེད་རྣམས་ཀྱིས་འདིར་ཕྱག་ལས་གནང་སྟངས་ལ་བསྔགས་བརྗོད་དང་སྦྲགས། ས་ཐག་རིང་པོ་ནས་འདིར་ཕེབས་མཁན་མང་པོ་ཞིག་མཇལ་སྐབས་ངོས་རང་དགའ་པོ་བྱུང་། ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་ཡིན་བསམས་པའི་འདུ་ཤེས་ཐོག་རང་གི་མྱོང་ཚོར་གཞན་ལ་སྤེལ་རྒྱུ་འདི་ངོས་ཀྱི་དམ་བཅའི་ཁྲོད་གཅིག་ཡིན། ད་ལྟ་འཛམ་གླིང་འདིའི་སྟེང་འཚོ་བཞིན་པའི་འགྲོ་བ་རིགས་ཐེར་འབུམ་བདུན་ཡོད་པའི་ཁྲོད་ངོས་རང་ཡང་གཅིག་ཡིན་བསམས་པའི་འདུ་ཤེས་སྐྱེ་སྐབས་རང་བཞིན་གྱིས་བློ་བདེ་པོ་ཡོང་བཞིན་འདུག གལ་ཏེ་ངོས་རང་ཏཱ་ལའི་བླ་མ་ཡིན་བསམས་ནས་གཞན་ལས་ཁྱད་དུ་འཕགས་པ་ཡིན་བསམས་ནས་བསྡད་པ་ཡིན་ན། ངོས་ལ་གྲོགས་མེད་ཁེར་རྐྱང་གི་ཚོར་སྣང་ཞིག་ཡོང་བཞིན་འདུག་པ་མ་ཟད། གཞན་དང་སེམས་ཐག་རིང་དུ་ཕྱིན་ནས་སོ་སོ་རང་ཉིད་དང་མི་གཞན་དབར་བར་དུ་ཆོད་པའི་ས་མཚམས་ལྟ་བུ་ཆགས་བཞིན་འདུག
ངོས་ཀྱི་མི་ཚེ་ཧ་ལམ་ཧྲིལ་པོ་འདིའི་རིང་མི་གསོད་ཁྲག་སྦྱོར་དང་འཚེ་བའི་གནས་ཚུལ་ཤ་སྟག་བྱུང་བ་མཐོང་བྱུང་། ངོས་རང་སྐྱེ་སྐབས་ཉི་ཧོང་དང་རྒྱ་ནག་དབར་གྱི་འཁྲུག་རྩོད་འགོ་བརྩམ་ལ་ཉེ་བ་མ་ཟད། ཡུ་རོབ་ནང་འཛམ་གླིང་དམག་ཆེན་གཉིས་པ་ཡོང་རྒྱུའི་རྐྱེན་མང་པོ་འབྱུང་བཞིན་པའི་སྐབས་ཡིན། དེ་རྗེས་ཀོ་རི་ཡ་དང་ཝི་ཏི་ནམ་དམག་འཁྲུག་བྱུང་ཡོད། དུས་སྐབས་དེའི་རིང་མི་ཧ་ཅང་མང་པོ་འཆི་སྐྱོན་བྱུང་བ་སོགས་དཀའ་སྡུག་ཧ་ཅང་མྱངས་ཡོད། འདིར་ང་ཚོ་ཞི་བདེ་བག་ཕེབས་ངང་གནས་ཡོད་ཀྱང་ས་གནས་གཞན་དུ་ཞེ་སྡང་སོགས་ཉོན་མོངས་པའི་གཞན་དབང་འོག་མི་གསོད་ཁྲག་སྦྱོར་ཧ་ཅང་མང་པོ་ཡོང་བཞིན་ཡོད། གལ་ཏེ་མུ་མཐུད་ནས་དེ་ལྟར་ཕྱིན་པ་ཡིན་ན་དུས་རབས་ ༢༡ འདི་ཡང་དེ་སྔ་ལྟར་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་གྱུར་ངེས། འཚེ་བས་རྟག་ཏུ་སྡུག་བསྔལ་ལ་སྦྱོར་བཞིན་ཡོད། སྡུག་བསྔལ་སུས་ཀྱང་མི་འདོད། ང་ཚོ་ཚང་མས་བདེ་བ་འདོད་ཀྱི་ཡོད།
ཚན་རིག་པ་དང་སྨན་གྱི་ཉམས་ཞིབ་བྱས་པ་བརྒྱུད་གཞི་རྩའི་འགྲོ་བ་མིའི་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ་ཡོད། དེར་བརྟེན་ངོས་ཀྱིས་རེ་བ་ཧ་ཅང་ཆེན་པོ་ཡོད་པ་མཐོང་བཞིན་འདུག ང་ཚོ་ཚང་མ་མ་ལས་སྐྱེས་པ་ཤ་སྟག་རེད། འཇིགས་སྐུལ་དྲག་སྤྱོད་པ་དང་ཡ་ང་སྙིང་རྗེ་རྩ་བ་ནས་མེད་པའི་སྲིད་དབང་སྒེར་སྤྱོད་པ་ཚོའང་མ་ལས་སྐྱེས་པ་རེད། དེར་བརྟེན་ང་ཚོ་ཚང་མར་མ་ལས་སྐྱེས་པའི་ཉམས་མྱོང་གཅིག་མཚུངས་ཤིག་ཡོད། མའི་བྱམས་བརྩེ་མེད་ན་ང་ཚོ་འཚོ་གནས་ཐུབ་མེད། དཀའ་ངལ་དེ་གང་ཡིན་བརྗོད་ན། གཞི་རྩའི་འགྲོ་བ་མིའི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ལྡན་ཞིང་། གཞན་ལ་བརྩེ་བ་བྱེད་མཁན་ཞིག་ཡིན་པ་ལྟར་ང་ཚོ་ཆུང་དུས་དེ་འདྲ་ཡོད་ཀྱང་། ཆེ་རུ་འགྲོ་སྐབས་རིན་ཐང་དེ་དག་ཉམས་རྒུད་དུ་ཕྱིན་ནས་གཞན་ལ་བརྩེ་བ་བྱེད་རྒྱུའི་དགོས་པ་མ་མཐོང་བ་མ་ཟད། གཞན་ལས་རང་ཁེ་གང་ཐུབ་བླངས་ཐབས་དང་། གཉའ་གནོན་ཐུབ་ཚོད་དང་མགོ་སྐོར་སླུ་བྲིད་བྱེད་བཞིན་ཡོད། གཞན་སྡུག་བསྔལ་གྱིས་མནར་བ་དེ་ང་ཚོར་རྒྱུན་ལྡན་ལྟར་ཆགས་ནས། སྟག་གིས་མི་བསད་པ་རེད་ཟེར་སྐབས་གནས་ཚུལ་ལྟ་བུར་བརྩི་བ་མ་གཏོགས་མིས་མི་བསད་པ་རེད་ཟེར་བ་དེར་སྣང་བ་གང་ཡང་བཏང་གི་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་དེང་དུས་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོའི་དཔལ་འབྱོར་ལ་གཙིགས་ཆེར་འཛིན་པ་ལས་ནང་གི་བཟང་སྤྱོད་ལ་དོ་སྣང་མེད་སྐོར་དང་། དེ་ནས་༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་བ་མ་ཟད།
མཚམས་ཁང་དེས་མིའི་ལུས་ཁམས་བདེ་པོ་བཟོ་ཆེད་ཐབས་ལམ་འདྲ་མིན་ལག་བསྟར་གནང་བཞིན་པ་དེར་བསྔགས་བརྗོད་མཛད་དོན། ང་ཚོས་ལུས་པོའི་འཕྲོད་བསྟེན་གལ་ཆེར་བརྩིས་པ་ལྟར་ནང་གི་བསམ་བློའི་འཕྲོད་བསྟེན་དེ་ཡང་ཧ་ཅང་གལ་ཆེན་པོར་བརྩི་དགོས། བསམ་བློའི་འཕྲོད་བསྟེན་བརྗོད་སྐབས་བློའི་རྣམ་རྟོག་གི་སྒྱུ་བ་དང་འབྲེལ་བ་ཡོད། ནང་གཤིས་རྒྱུད་དང་འབྲེལ་བའི་ཉོན་མོངས་པའི་མཚོན་ཆ་མགོ་གནོན་ཐུབ་པ་ཡིན་ན་མེ་མདར་དམ་བསྒྲགས་བྱ་རྒྱུ་ལས་སླ་པོ་ཡིན་པ་མ་ཟད། རིམ་བཞིན་རྡུལ་ཕྲན་མཚོན་ཆ་ཡང་མེད་པ་བཟོ་ཐུབ། དེ་ལྟར་ཡོང་བར་གཞོན་སྐྱེས་མི་རབས་གསར་པ་རྣམས་ལ་བསམ་ཚུལ་མི་མཐུན་པ་དང་རྩོད་རྙོག་ཇི་འདྲ་ཞིག་ཡིན་རུང་། འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པ་ལས་འཚེ་བར་ནམ་ཡང་སྐྱབས་བཅོལ་རྒྱུ་མེད་པའི་ལམ་སྟོན་བྱེད་དགོས། དེ་འདྲ་བྱུང་བ་ཡིན་ན་དུས་རབས་ ༢༡ འདི་ཞི་བདེའི་དུས་རབས་ཤིག་ཡོང་རྒྱུའི་རེ་བ་ཡོད། ཅེས་བཀའ་སློབ་སྩལ་བསྟུན་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ། མཛད་སྒོ་གྲོལ་རྗེས་༸གོང་ས་མཆོག་ཁུལ་དེར་བོད་སྨན་བཅོས་ཐབས་ཁང་ཞིག་ཡོད་པ་དེར་ཆིབས་སྒྱུར་བསྐྱངས། སྐབས་དེར་བོད་གཞུང་སྨན་རྩིས་ཁང་ནས་སྦྱོང་བརྡར་བྱས་པའི་བོད་མི་ཁག་གཅིག་ཡོད་པ་རྣམས་ལ་སྨན་གཞུང་ནས་གང་གསུང་པ་དེ་དག་རྒྱུན་འཛིན་ལག་བསྟར་བྱེད་དགོས་པ་མ་ཟད། རིག་གཞུང་གཞན་ནས་ཁ་གནོན་གང་ཐུབ་རྒྱག་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སྩལ།
དེ་རྗེས་ཉིན་གུང་ལྗགས་སྨིན་དགྱེས་བཞེས་མཛད་སྐབས་ཝིར་སིངྒ་ལགས་ཀྱིས་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཡང་ཞུས་ཡོད། ཕྱོགས་མཚུངས་སྐབས་དེར་སྐུ་ཞབས་ཨ་ནིལ་ཇི་ཏི་སིངྒ་མཆོག་གིས་ཚོགས་བཅར་བ་ཡོངས་ནས་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པའི་ཉིན་མོ་དེ་མི་ཚེའི་ནང་རྗེད་ཐབས་མེད་པའི་ཚོར་སྣང་ཞིག་ཡོང་བའི་རེ་བ་ཡོད་སྐོར་གསུངས་པ་དང་སྦྲགས། ཚོགས་བཅར་བ་རྣམས་ཀྱིས་༸གོང་ས་མཆོག་གི་དྲུང་ནས་ལེགས་བཤད་གཅིག་རང་གིས་འདམས་ནས་མི་ཚེའི་ནང་ཉམས་ལེན་བྱེད་དགོས་པའི་ལམ་སྟོན་གནང་། དེ་ནས་༸གོང་ས་མཆོག་སླར་ཡང་ཐད་ཕུར་གནམ་གྲུའི་བབ་ཚུགས་ནས་མཁའ་ལམ་རྒྱུད་ལྡི་ལིར་ཆིབས་༸ཞལ་སྒྱུར་ཡོད་པ་བཅས།།