༢༠༡༦ ཟླ་ ༤ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་(SARD) དང་ཨིན་ཡུལ་བོད་ཀྱི་ཐེབས་རྩ་ཐུན་མོང་གིས་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་འཆར་འགོད་ཚན་པའི་ལས་བྱེད་དང་རྩིས་པ་ཁག་གཅིག་ལ་ཡུ་རོབ་མཐུན་ཚོགས་སུ་རོགས་དངུལ་ཞུ་ཆེད་ལས་འཆར་བཀོད་སྒྲིག་བྱེད་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ཐོག་ཕྱི་ཚེས་ ༤ ནས་ ༨ བར་ཉིན་གྲངས་ལྔ་རིང་གི་ཟབ་སྦྱོང་དབུ་འཛུགསཀྱི་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། སྤྱི་ཚོགས་ཡར་རྒྱས་ཚན་པའི་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས། ཟབ་ཁྲིད་གནང་མཁན་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་ཁང་ཐེབས་རྩའི་དཔལ་འབྱོར་བསྡུ་འགོད་ཀྱི་འགན་འཛིན་བློ་ཆོས་ལགས་དང། ལས་འཆར་བཀོད་སྒྲིག་དང་འབྲེལ་བའི་ཐོག་ཁྱད་ལས་པ་སྐུ་ཞབས་མོ་ཧན་ལལ་པན་ཌ་ Mr Mohanlal Panda ལགས། ལྕམ་སྐུ་གི་རེ་ཊར་ཇེན་སོན་ Ms Greta Jenson ལགས། ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་ལྷན་ཁང་ཁག་གི་འཆར་འགོད་ཚན་པའི་ལས་བྱེད་དང་རྩིས་པ་གྲངས་ ༡༥། དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་གཅིག་བཅས་ཁྱོན་མི་གྲངས་ ༢༥ བརྒལ་བ་མཉམ་འཛོམས་ཀྱིས་ཐོག་མར། དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལམ་སྟོན་གསུང་བཤད་གནང་། དེ་རྗེས་བློ་ཆོས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།
དེ་ཡང་འདི་གའི་གསར་འགོད་པར་བོད་ཁང་ཐེབས་རྩའི་དཔལ་འབྱོར་བསྡུ་འགོད་ཀྱི་འགན་འཛིན་བློ་ཆོས་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་སྐོར་ངོ་སྤྲོད་གནང་དོན། ཐེངས་འདིའི་ཟབ་སྦྱོང་སྐབས་གཙོ་བོ་ང་ཚོས་རོགས་དངུལ་གང་འདྲ་ཞིག་ཞུ་དགོས་ཡོད་ཚེ་དེར་འཆར་གཞི་ཞིག་སྒྲིག་དགོས་ཀྱི་ཡོད། ད་ལྟ་ང་ཚོའི་དམིགས་ཡུལ་དེ་ཡུ་རོབ་མཐུན་ཚོགས་ནས་རོགས་དངུལ་ཞུ་ཆེད་དམིགས་བསལ་གྱི་ཆ་རྐྱེན་དང་དགོས་མཁོ་མང་པོ་ཞིག་ཚང་དགོས་ཀྱི་ཡོད། སྤྱིར་བཏང་ཡུ་རོབ་མཐུན་ཚོགས་ནས་རོགས་དངུལ་ཞུ་རྒྱུ་ནི་འཛམ་གླིང་ནང་དཀའ་ལས་ཁག་ཤོས་ཤིག་རེད། ཅེས་བཤད་སྲོལ་ཡོད། དེར་བརྟེན་ཐེངས་འདིར་འཆར་གཞི་སྒྲིག་སྟངས་དང་། འཆར་གཞི་དེ་ཡང་ཡུ་རོབ་མཐུན་ཚོགས་ཀྱི་རོགས་དངུལ་ཞུ་ལེན་གྱི་འགེངས་ཤོག་དང་མཐུན་པ་དགང་ཐུབ་པ་ཞིག་བཟོ་ཐུབ་ཐབས་ཆེད་སྦྱོང་བརྡར་སྤྲད་རྒྱུ་ཡིན། སྤྱིར་ཉིན་ལྔའི་རིང་གཙོ་བོ་ཡུ་རོབ་མཐུན་ཚོགས་ཀྱི་འགེངས་ཤོག་དགང་ཕྱོགས་དང་། དེ་བཞིན་ཡུ་རོབ་མཐུན་ཚོགས་ལས་རོགས་དངུལ་ཞུ་སྐབས་སྔོན་རྩིས་འདོན་སྟངས་མི་འདྲ་བ་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ནང་རྩིས་འགོའི་མིང་འདོགས་སྟངས་དེ་དག་ཡུ་རོབ་མཐུན་ཚོགས་དང་མཐུན་པ་ཞིག་བཟོ་ཐུབ་ཐབས་བཅས་ཡིན། ཞེས་སོགས་ངོས་སྤྲོད་གནང་ཡོད། །