༢༠༡༦ ཟླ་ ༤ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །འདི་གར་འབྲེལ་ཡོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ལྡི་ལི་བསམ་ཡས་གླིང་མི་མང་དང་ཚོགས་པ་སྐྱིད་སྡུག་ཁག་ནས་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་མི་མང་ལ་ཚེ་དབང་ཚེ་སྒྲུབ་དང༌། ནང་ཆོས་ངོ་སྤྲོད། དེ་བཞིན་སྦྱིན་སྲེག་ཞིག་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་འབྲས་སུ། འདི་གའི་སྤྱི་རིམ་སྒྲུབ་མཚམས་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་མཛད་འཕྲིན་དབྱར་གྱི་མཚོ་ལྟར་འཕེལ་ཅིང་རྒྱས་པ། བོད་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་ལུས་སེམས་ཀྱི་སྡུག་བསྔལ་ཞི་ཞིང་བོད་དོན་བདེན་མཐའ་མྱུར་དུ་གསལ་ཆེད།
ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༦ ནས་ ༢༨ བར་ཉིན་གསུམ་རིང་ར་ཇི་པུར་སྒྲོལ་མ་ཕོ་བྲང་གི་དགེ་འདུན་པ་ཁག་གཅིག་ནས་ལྡི་ལི་བོད་སྒར་གྱི་དགོན་པའི་མདུན་ཐང་དུ་ཕུར་པའི་ཞི་བའི་སྦྱིན་སྲེག་གྲ་རྒྱས་པ་ཞིག་གནང་ཡོད། དེ་ཡང་སྤྱིར་ཕྱི་ཟླ་ ༣ ཚེས་ ༢༧ ཉིན་འདི་གའི་ས་གནས་འགོ་འཛིན་གཙོས་པའི་བརྒྱ་དཔོན་དང༌། འཐུས་མི། ས་གནས་གཞོན་ནུ་བཅས་ར་ཇི་པུར་སྒྲོལ་མ་ཕོ་བྲང་དུ་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ཕེབས་བསུར་བཅར་ཡོད།
ཕྱི་ཟླ་ ༣ ཚེས་ ༢༨ ཉིན་གོང་མ་རིན་པོ་ཆེ་མཆོག་ཕྱེད་ཡོལ་ཆུ་ཚོད་ ༤།༠༠ ཐོག་ལྡི་ལི་ས་གནས་སུ་ཕེབས་འབྱོར་གྱིས་ཨོ་བྷེ་རོའི་གསོལ་མགྲོན་ཁང Oberoi Meridien བཞུགས། ཕྱི་ཚེས་ ༢༩ སྔ་དྲོ་ཕྱག་ཚོད་ ༨།༣༠ ཐོག་ས་གནས་འགོ་འཛིན་དང་ལས་དྲུང༌། བརྒྱ་དཔོན། འཐུས་མི། ཚོགས་པ་ཁག་བཅས་ནས་མགྲོན་ཁང་དུ་ཕེབས་བསུར་བཅར་བ་དང་། བསམ་ཡས་གླིང་གཞིས་སྒར་དུ་སྔ་དྲོ་ཆུ་ཚོད་ ༩ ཐོག་ཉིན་སློབ་རྒྱལ་སྒོའི་མདུན་དུ་དགེ་འདུན་པ་རྣམས་ནས་སེར་སྦྲེངས་གྱིས་ཕྱེ་མར་ཆང་ཕུད་འདེགས་འབུལ་ཞུས་ཏེ་བཞུགས་ཁྲིར་ཞབས་སོར་འཁོད་མཚམས། དགེ་འདུན་པ་རྣམས་ནས་ཞལ་འདོན་གསུང་དོན་གནང་བསྟུན། ས་གནས་འགོ་འཛིན་ནས་མཚམས་འདྲིའི་གསུང་བཤད་གནང༌རྗེས། དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ནས་དད་ལྡན་མང་ཚོགས་ ༤༠༠༠ ལྷག་ཙམ་ལ་ནང་ཆོས་ངོ་སྤྲོད་དང་སྦྲགས། ཚེ་དབང་ལོ་བརྒྱ་མ་སྩལ་བ་དང་།
སྐབས་དེར་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་ས་གནས་འགོ་འཛིན་རྣམ་གཉིས་ཀྱིས་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་བརྒྱ་འཐུས་ཚོགས་ཁང་གསར་པའི་ནང་རིན་པོ་ཆེ་མཆོག་སེར་སྦྲེངས་དང་བཅས་གདན་ཞུས་ཀྱིས་ཉིན་མོའི་ལྗགས་སྨིན་འདེགས་འབུལ་ཞུས། ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་རིན་པོ་ཆེ་མཆོག་ནས་འདི་གའི་ཉེ་འགྲམ་དུར་ཁྲོད་དུ་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་བརྙན་ལ་རབ་གནས་གནང་བསྟུན་རིན་པོ་ཆེ་མཆོག་མགྲོན་ཁང་དུ་ཕེབས་སྐྱེལ་ཞུས། ཕྱི་ཟླ་ ༣ ཚེས་ ༣༠ རེས་གཟའ་ལྷག་པའི་དགོང་དྲོའི་ཆུ་ཚོད་ ༡༠ ཐོག་རིན་པོ་ཆེ་མཆོག་འདི་གའི་ས་འགོ་ལས་བྱེད་གཙོས་བརྒྱ་འཐུས་དང་གཞོན་ནུ་བཅས་ནས་གནམ་ཐང་བར་ཕེབས་སྐྱེལ་ཞུས་ཡོད་པ་བཅས། །