༢༠༡༦ ཟླ་ ༤ ཚེས་ ༡ རེས་གཟའ་པ་སངས།
༄༅། །སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་སྟེ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༡ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༤ ཚེས་ ༡ ཉིན་རྒྱལ་ཁའི་ངང་ནས་ལེགས་གྲུབ་ཟིན་ཡོད་ཅིང་། ཚོགས་དུས་མཐའ་མའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་དོན།
དེ་རིང་གི་ལས་རིམ་བདུན་པ་དེ་ཚོགས་གཙོའི་མཇུག་བསྡོམས་གཏམ་བཤད་ཡིན། ཡིག་ཆ་ཨང་བཞི་བཅུ་པ་དེ་ཚོགས་གཙོའི་མཇུག་བསྡོམས་གཏམ་བཤད་ཀྱི་ཆ་ཤས་ཤིག་ཡིན། དེའི་ནང་སྐབས་བཅོ་ལྔ་པའི་སྤྱི་འཐུས་འགོ་བཙུགས་པ་ནས་བཟུང་དེ་རིང་གི་གྲོས་ཚོགས་བར་དུ། སྤྱིར་བཏང་ཕྱི་ཟླ་བཞི་པའི་ཚེས་གཅིག་བར་དུ་ཞེས་ལབ་ཡོད་ཀྱང་། དེ་རིང་གི་ལས་རིམ་གྱི་བསྡོམས་འདི་འདིའི་ནང་བཅུག་ཐུབ་མ་སོང་ཞུ་རྒྱུ་ཡིན། ང་ཚོ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་མཐའ་མ་དང་གྲོས་ཚོགས་ཉིན་མཐའ་མའི་ལས་རིམ་ཆགས་ཡོད། ཐེངས་འདིའི་གྲོས་ཚོགས་ནང་ལས་དོན་གྱི་ཐོག་ནས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག་ལྔ་ཙམ་ཕེབས་ཡོད། དེ་བཞིན་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་ཐོག་ལ་བཀའ་མོལ་བྱུང་བ་རེད། དུས་ཚོད་མང་བ་དེ་དཔལ་འབྱོར་ལས་དོན་སྒང་ལ་བཏང་ནས་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་ཟིན་པའི་གནས་སྟངས་འདི་ཚང་མས་ཐུགས་མངའ་ཡོད། སྐར་རྟགས་ཅན་གྱི་དྲི་བ་དྲི་ལན་ལྔ་བྱུང་བ་རེད། ཁྲིམས་སྒྲིག་བསྐྱར་བཅོས་བཞི་བྱུང་བའི་ནང་ནས་གཅིག་ཟག་ནས་གསུམ་ཐོན་པ་རེད།
གཞུང་འབྲེལ་གྲོས་ཆོད་དང་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་ཐོག་ལ་བགྲོ་གླེང་། བགྲོ་གླེང་གི་ཐོག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསལ་བཤད་དང་ལན་འདེབས་གནང་དགོས་པ་དེ་དག་གནང་བ་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྐུ་ལས་མང་པོ་ཞིག་བསྐྱོན་ཡོད། དེར་བརྟེན་ཚོགས་མི་ཚང་མར་བསྔགས་བརྗོད་ཞུ་རྒྱུ་དང་སྦྲགས་ནས་འདིའི་ཐོག་ལ་གྲོས་ཆོད་བཞག་པ། སྤྱི་འཐུས་སྒེར་གྱི་གསལ་བཤད་དང་། གསལ་བཤད་ཀྱི་ཐོག་ལ་བགྲོ་གླེང་བྱུང་མ་བྱུང་གི་གནས་སྟངས་དེ་དག་ཚང་མ་ང་རང་ཚོས་མཁྱེན་གྱི་ཡོད། འདིའི་ནང་ནས་མཐོང་ཚུལ་ཁག་འགའ་ཤས་ཤིག་ཞུས་ན་བསམས་བྱུང་། གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པ་ལྔ་ཙམ་ཞིག་དང་། དེའི་སྔོན་ནས་ཕྱག་ལས་གནང་མྱོང་མཁན་ཚོར་རྒྱུས་མངའ་མང་པོ་ཡོད་པ་རེད། ད་ལྟ་གསར་དུ་སྐབས་བཅོ་ལྔའི་ནང་ཕེབས་མཁན་ཡིན་ནའང་ལོ་ལྔ་ཙམ་ཕྱིན་ཡོད་ཀྱང་། ཚོགས་འདུ་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཐོག་ལ་ད་ལྟ་ཡིན་ནའང་བག་ཡོད་བསྟེན་ཕྱོགས་ཀྱི་ཐོག་ལ་འཐུས་ཤོར་འགྲོ་གི་ཡོད་པ་ཞིག་ཚོགས་གཙོས་མཐོང་གི་འདུག
སྐབས་དང་དུས་སོ་སོར་ཞུས་པ་ཡིན་ནའང་བསྐྱར་ལྡབ་ཆགས་འགྲོ་སྟབས། མ་འོངས་པ་བསྐྱར་དུ་ཕེབས་མཁན་ཚོ་ཡིན་ནའང་བག་ཡོད་བསྟེན་ཕྱོགས་ཀྱི་ཐོག་ལ་དགོངས་པ་ཏན་ཏན་བཞེས་དགོས་འདུག གྲོས་ཚོགས་ཀྱི་ཚོགས་ཁང་ནང་འཛུལ་བའི་སྐབས་ལ་ཚོགས་གཙོའི་ཞབས་སྟེགས་དེར་གུས་བཏུད་ཞུས་ནས་ཕེབས་དགོས་ཀྱི་ཡོད་པ་རེད། དེ་བཞིན་གྲོས་ཚོགས་ཚོགས་ཁང་ནས་ཐོན་པའི་སྐབས་ལ་ཡིན་ནའང་ཚོགས་གཙོའི་ཞབས་སྟེགས་འདིར་གུས་བཏུད་ཅིག་ཞུས་ནས་ཕེབས་དགོས་ཀྱི་ཡོད་པ་རེད། ཞབས་སྟེགས་དེའི་སྒང་ལ་སུ་བསྡད་མིན་གྱི་སྐད་ཆ་མ་རེད། གྲོས་ཚོགས་ཀྱི་ཚོགས་གཙོའི་ཞབས་སྟེགས་དེར་ཆེད་མཐོང་མཚོན་རྒྱུ་ཞིག་དང་། གྲོས་ཚོགས་ཀྱི་འགྲོ་ལུགས་ལ་གུས་བརྩི་ཡག་པོ་ཞིག་དང་། མི་གཞན་གྱི་ལྟ་བའི་སྐབས་ལ་མཐོང་སྣང་ཡག་པོ་ཡོང་རྒྱུའི་ཆེད་དུ་རེད། དེ་གནས་ཚུལ་གཅིག་དང་།
གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་བའི་སྐབས་སུའང་རེད། ང་ཚོའི་གྲོས་ཚོགས་ཀྱི་བག་ཡོད་བསྟེན་ཕྱོགས་ནང་དུ་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བ་མེད་པའི་ཡིག་ཆ་དེ་འདྲ་གྲོས་ཚོགས་ནང་བསྣམས་ཕེབས་ཆོག་གི་མེད། དེ་དག་གི་གྲས་ཙག་ཙིག་གི་གནས་ཚུལ་རེད། འདི་ལས་གལ་ཆེ་བ་ཞིག་ནི། གོང་དུ་འདི་འདྲ་ཞིག་བཀའ་གནང་བ་རེད། གྲོས་ཚོགས་ཀྱིས་ཚོགས་གཙོར་བརྩི་ཡི་ཡོད། འགན་འཁྱེར་གྱི་ཡོད། ཅེས་གསུངས་པ་རེད། དེ་འདྲའི་ཐོག་ནས་གྲོས་ཚོགས་ཚོགས་གཙོས་ལམ་སྟོན་བྱས་པ་འདིར་འདོད་པ་མ་བྱུང་བ་ཡིན་ནའང་བརྩི་ཡི་ཡོད་ཅེས་གསུངས་སོང་། གྲོས་ཚོགས་ཚོགས་གཙོས་ལམ་སྟོན་ཞུས་པའི་སྐབས་འདིར་མང་གཙོའི་འགྲོ་ལུགས་དང་འགྲོ་སྟངས་ཚད་དང་ལྡན་པ་ཡོང་རྒྱུའི་ཆེད་དུ་ལམ་སྟོན་ཞུ་གི་ཡོད་པ་རེད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་དང་སྒྲིག་གཞི་ལམ་ལུགས་གང་ཡོད་པ་དེ་དག་ལ་བརྩི་སྲུང་ཡོང་རྒྱུའི་ཆེད་དུ་ལམ་སྟོན་ཞུས་པ་ཞིག་རེད། དེ་འདྲའི་ཞུས་པའི་སྐབས་སུ་ཁྲིམས་དང་སྒྲིག་གཞིར་གཞི་བཅོལ་བའི་ཐོག་ནས་ཞུ་ཡི་ཡོད་སྟབས། དེ་འདྲའི་རིགས་ལ་འཛིན་སྐྱོང་བཀའ་ཤག་ནས་དགོངས་ཚུལ་མ་མཐུན་པ་ལྟ་བུ་ཡོད་ཚེ། ཏན་ཏན་གྲོས་ཚོགས་འདིའི་ནང་གསུང་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད།
ཁ་སྔོན་ཚོགས་གཙོས་ལམ་སྟོན་ཞུས་པའི་སྐབས་སུ་ཞུས་པ་ཡིན། ཚོགས་གཙོས་ལམ་སྟོན་ཞུས་པ་དེའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་མི་མཐུན་པ་དེ་འདྲ་གཟིགས་ཀྱི་ཡོད་ན། ཏན་ཏན་དེ་ལ་ཟུར་དུ་ཚོགས་དགོས་ཀྱི་ཡོད་ན་འདྲ་འདུག དེ་མིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་ཚོགས་སྟངས་ཞིག་ཚོགས་ཏེ་དེ་ཚོའི་གྲས་གསལ་པོ་ཞིག་མ་བཟོ་པ་ཡིན་ན། ད་ལྟ་ང་ཚོ་འཁྱུར་འགྲོ་གི་ཡོད། འགའ་ཤས་བསྐྱར་དུ་ཕེབས་ཀྱི་རེད། མ་འོངས་པར་འགྲོ་ལུགས་འགྲོ་སྟངས་ཚད་དང་ལྡན་པ་ཡོང་བའི་ཆེད་དུ་ཚོགས་གཙོས་ལམ་སྟོན་བྱེད་རྒྱུར་མ་མཐུན་པ་དེ་འདྲ་ཡོད་པ་ཡིན་ན། མཐུན་པ་བཟོ་དགོས་རྒྱུ་གལ་ཆེན་པོ་རེད། ཚོགས་གཙོས་གསུང་བ་ཙམ་གྱི་ཐུགས་བློ་མ་ཁེངས་པ་དང་། མ་མཐུན་པ་དེ་འདྲ་བྱུང་བའི་དབང་གིས་ཡོད་པ་ཡིན་ནའང་ཚོགས་གཙོའི་འདི་ནས་མར་ཞུས་པ་དེ་ལ་བརྩི་བཀུར་ཞུས་པའི་རྣམ་པ་སྟོན་པ་ཡིན་ན། འདི་གཅིག་པུའི་རྩ་བ་ཉིད་ནས་འགྲིག་རྒྱུ་མེད། ཅེས་ཞུ་འདོད་བྱུང་།
ང་ཚོའི་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་ཐོག་ནས་སྐད་ཆ་མང་པོ་བྱུང་བ་རེད། ད་ལྟ་བར་དུ་འོས་བསྡུའི་ལས་རིམ་དང་། ང་ཚོ་ཚང་མས་མ་མཁྱེན་པ་མེད། གང་ལྟར་བཙན་བྱོལ་དུ་ཕེབས་མ་ཐག་ལོ་གཅིག་མ་བགོར་བའི་སྔོན་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ལུགས་ཐོག་ཕེབས་རྒྱུའི་དགོངས་གཞི་རླབས་ཆེན་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་དམ་འབུལ་ཐུབ་པ་བྱུང་ཡོད།
ད་ལྟའི་དུས་སུའང་ཕྱི་ཟླ་ ༩ ཚེས་ ༢ ཉིན་མོ་འདི་མང་གཙོའི་དུས་དྲན་སྲུང་བརྩི་བྱེད་བཞིན་པའི་གནས་བབ་དེ་ལ་གཞི་བཅོལ་ཡོད་པ། ཐོག་མའི་ལོ་སུམ་ཅུ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་ང་ཚོས་གོམ་པ་བརྒྱབ་ཐུབ་མེད་པའི་གནས་སྟངས། འབད་བརྩོད་བྱས་ཡོད་ནའང་དེའི་སྐབས་དང་དུས། གནས་སྟངས་འོག་རྒན་རབས་ཚོས་དངོས་གནས་སྐུ་ལས་མང་པོ་སྐྱོན་ཡོད་རེད། འོན་ཀྱང་གནས་སྟངས་དང་རྐྱེན་མང་པོ། གོ་རྟོགས་ཡོད་མེད་དེ་འདྲ་མང་པོའི་རྐྱེན་བྱས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཡོད་པ་གཞིར་བཟུང་ང་ཚོ་ཏག་ཏག་འགྲོ་ཐུབ་མེད། དེ་རྗེས་སུ་ཕྱི་ལོ་ ༡༩༨༨།༡༩༨༩ ནང་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྒྱུར་བཅོས་གནང་དགོས་པའི་བཀའ་སྩལ་བ་ནས་ཕྱི་ལོ་ ༡༩༩༠ ལོར་བཀའ་ཤག་དང་སྤྱི་འཐུས་གཉིས་ཀར་ཕྱིར་བསྡུས་གནང་རྒྱུ་དང་། བར་བརྒལ་བཀའ་ཤག་འཛུགས་རྒྱུ། མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་འཛུགས་རྒྱུ་ལ་སོགས་པའི་གནས་སྟངས་དེ་དག་བྱུང་ཡོད་པ་དང་། སྐབས་ ༡༡ སྤྱི་འཐུས་ཕྱི་ལོ་ ༡༩༩༡ ལོར་ཡར་ཕེབས་པའི་སྐབས་སུ་བཅའ་ཁྲིམས་གཏན་འབེབས་བྱེད་མཁན་ཨིན་སྐད་ཐོག་ Constituent Assembly ངོ་བོའི་ཐོག་ཚོགས་ཡོད་པ་དང་། སྐབས་ ༡༡ བཀའ་ཤག་མུ་མཐུས་ནས་གནས་ཡོད་པ། སྐབས་དེའི་དུས་ནས་དེའི་སྔོན་ནས་ཁྲིམས་དང་སྒྲིག་གཞི་ཡོད།
སྲུང་བརྩི་གནང་གི་ཡོད་རེད། འགྲོ་ལུགས་འགྲོ་སྟངས་ཤིག་གི་འོག་ནས་འགྲོ་གི་ཡོད།
འོན་ཀྱང་རྒྱ་ཆེ་བ་ཞིག་ང་ཚོ་བཙན་བྱོལ་གནས་བབ་དང་མཐུན་པའི་གནས་སྟངས་འོག་བཅའ་ཁྲིམས་གཏན་འབེབས་བྱས་ནས་དུས་དེ་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆགས་པ་དང་། དེ་ནས་ཡང་ཕྱི་ལོ་ ༡༩༩༨།༡༩༩༩ ལོར་བཀའ་གནང་ནས་བཀའ་བློན་འོས་འདེམས་བྱེད་རྒྱུ། སྤྱིར་སྐབས་ ༡༡ རང་ནས་བཀའ་བློན་འོས་འདེམས་བྱེད་རྒྱུ་སྤྱི་འཐུས་རང་གིས་འགན་འཁུར་ཐུབ་རྒྱུའི་རེ་བ་བཞེས་པ་རེད་དེ་དེའི་སྐབས་ཀྱི་གནས་སྟངས་ཤིག་ལ་སྤྱི་འཐུས་ཀྱིས་རྒྱབ་སྐྱོར་གྱི་བརྒྱ་ཆ་ཧ་ཅང་ཚད་མཐོ་བོ་བྱུང་སྟེ་བཀའ་བློན་གཉིས་མ་གཏོགས་བདམས་མ་ཐུབ་པ་དང་། དེ་ནས་བརྒྱ་ཆ་ཚད་མེད་པར་རིམ་པས་བརྒྱུད་རིམ་དེ་ལྟར་ཕྱིན་པ་རེད། དེ་འདྲའི་གནས་སྟངས་འོན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བློན་གྱི་འོས་མི་ཉིས་ལྡབ་ལས་མི་ཉུང་བ་ཞིག་བཏོན་གནང་ནས་སྤྱི་འཐུས་ལྷན་ཁང་ནང་གདམ་རྒྱུའི་ལམ་ལུགས་སྲོལ་ཆགས་པ་རེད། བཀའ་བློན་གྱི་གྲངས་ཀའང་བདུན་བརྒྱད་ལ་ཡར་སྤར་རྒྱུ་ཕྱི་ལོ་ ༡༩༩༦ ལོར་སྤར་བ་རེད། ཕྱི་ལོ་ ༡༩༩༨།༡༩༩༩ ལོར་བཀའ་ཕེབས་པའི་ཉེར་ལེན་ལ་བརྟེན་ནས་བཀའ་བློན་ཁྲི་པ་དང་བཀའ་བློན་ཚོ་གདམ་རྒྱུའི་བཅའ་ཁྲིམས་བསྐྱར་བཅོས་བྱས། བཅའ་ཁྲིམས་བསྐྱར་བཅོས་བྱས་པའི་རྗེས་སུའང་ཡང་བསྐྱར་བཀའ་ཕེབས་ནས་འགྱུར་བ་ཞིག་འགྲོ་དགོས་ཀྱི་ཡོད། ང་མ་འཆི་བར་ལྷག་རྒྱུ་མ་རེད། ཉིན་མ་ཞིག་ང་འཆི་རྒྱུ་རེད། དེར་བརྟེན་བཀའ་བློན་ཁྲི་པ་གདམ་རྒྱུ་དེའང་མི་མང་གིས་ཐད་ཀར་འོས་འདེམས་བྱེད་ནས་གདམ་རྒྱུ་བྱེད་ན་གང་འདྲ་འདུག་ཅེས་བཀའ་ཕེབས་པར་བརྟེན།
སྐབས་ ༡༢ པའི་གྲོས་ཚོགས་ཚོགས་དུས་མཐའ་མའི་སྐབས་བསྐྱར་བཅོས་བྱས་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་ལམ་སྲོལ་དེའི་ནང་སླེབས་པ་རེད། མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པའི་ལམ་སྲོལ་བརྒྱུད་རིམ་དེའི་ནང་འགྲོ་བཞིན་པའི་སྐབས་སུ་ཕྱི་ལོ་ ༢༠༡༠ ནས་བཀའ་སློབ་གནང་བ་རེད། ཚོགས་གཙོ་རང་ཉིད་དེའི་སྐབས་སུ་ཚོགས་གཙོ་ཡིན་པའི་སྐབས་སུ་ད་ལྟ་ཕྱིར་ལྟས་ཤིག་སློག་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་ལས་གནང་སྟངས་སྔོན་ནས་གྲ་སྒྲིག་གནང་སྟེ། དེའི་སྔོན་ལ་ཚོགས་གཙོ་ཕྱི་རྒྱལ་ཁག་ཏུ་སྐུ་མདུན་ཆིབས་སྒྱུར་གནང་བའི་སྐབས་སུ་བཅར་རྒྱུའི་ལུགས་སྲོལ་མེད།འོན་ཀྱང་ཕྱི་ལོ་ ༢༠༠༩།༡༠ ནས་དེའི་སྐབས་ཀྱི་བཀའ་བློན་ཁྲི་པ་དང་ཚོགས་གཙོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཁག་ལ་ཆིབས་སྒྱུར་བསྐྱང་སྐབས་གསུང་ཆོས་དང་སྦྲགས་མི་མང་མང་པོ་ཞིག་འདུ་འཛོམས་ཡོང་གི་ཡོད་པར་བརྟེན། སོ་སོའི་མི་མང་གིས་འོས་འདེམས་བྱས་པ་དེ་ཕྱི་མིས་ངོས་ལེན་ཡོང་མ་ཡོང་སྔོན་ལ་སོ་སོའི་མི་མང་ནང་ངོས་ལེན་དང་ཆེ་མཐོང་ཡོང་ཆེད་མང་ཚོགས་ལ་གཏམ་བཤད་བྱེད་རྒྱུའི་གོ་སྐབས་བྱུང་ཡོད།
དེ་ནས་རིམ་པས་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་དེར་འགྱུར་བ་ཞིག་བཏང་སྟེ། སྤྱི་འཐུས་སྐབས་ ༡༤ མཐའ་མཇུག་ཙམ་ལ་གྲོས་ཚོགས་ནང་ལའང་བཀའ་ཕེབས་ཡོད་པ་བཞིན། ང་ཚོས་དམིགས་བསལ་ཚོགས་ཆེན་ཚོགས་ཡོད། དམིགས་བསལ་ཚོགས་ཆེན་རྗེས་དམིགས་བསལ་གྲོས་ཚོགས་ཚོགས་རྗེས་བཅའ་ཁྲིམས་བསྐྱར་བཅོས་བྱ་དགོས་རིགས་དེ་དག་ཞུས་པ་རེད། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་བརྒྱད་པའམ་བརྒྱད་དང་ཕྱེད་ཀ་ཙམ་ལ་དེའི་སྐབས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་བཀའ་བློན་ཁྲི་པ་ཡར་བཅར་ཏེ་བཅའ་ཁྲིམས་བསྐྱར་བཅོས་དེ་དག་ལ་༸རྒྱལ་བ་རིན་པོ་ཆེའི་མཚན་རྟགས་བསྐྱོན་རྒྱུ་མཐའ་མ་དེ་ལོ་རྒྱུས་རང་བཞིན་ཆགས་རྒྱུ་དེ་འདི་ལྟར་ཆགས་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དབང་རྩིས་སྤྲོད་མཛད་རྗེས། བཀའ་བློན་ཁྲི་པ་ནི་དེའི་སྐབས་མུ་མཐུད་ནས་གནས་མཁན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ཆགས་ཡོད། དེ་ནས་འོས་བསྡུའི་ལས་རིམ་གྲུབ་ནས་ཕྱི་ཟླ་ ༨ ཚེས་ ༨ ཉིན་ནས་ད་ལྟའི་སྲིད་སྐྱོང་ངམ་དེ་སྔ་བཀའ་བློན་ཁྲི་པའི་མཚན་ཐོགས་ཡོད་པ་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་དང་། བཅའ་ཁྲིམས་ནང་བཅའ་ཁྲིམས་དོན་ཚན་ ༡༩ བར་བསྐྱར་བཅོས་ཕྱིན་པ་དེ་འཛིན་སྐྱོང་གཅིག་པུ་མིན་པར་ཁྲིམས་ལུགས་དབང་འཛིན་གྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་གྲོས་ཚོགས་ལ་འགན་ཁྱབ་བསྒྱུར་བྱེད་རྒྱུའི་འགྲོ་སྟངས་ཤིག་ལ་བསླེབས་པ་དེ་རྫོགས་ལ་ཉེ་བ་ཆགས་ཡོད།
འདས་པའི་ཟླ་བ་གཉིས་གསུམ་ཞིག་གི་ནང་ལ་ང་ཚོའི་སྐབས་ ༡༥ སྲིད་སྐྱོང་དང་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རིམ་དེ་ཚ་ཚ་འུར་འུར་གྱི་ངང་ཕྱིན་པ་རེད། དེའི་བརྒྱུད་རིམ་གྱི་ཐོག་ནས་གང་ལྟར་འོས་མིར་བཞེངས་མཁན་ཚོ་དང་འོས་མིར་རྒྱབ་སྐྱོར་གནང་མཁན་ཚོ་ཡིན་ནའང་འདྲ། དེ་རིང་ངས་འོས་མི་ཞིག་གི་ངོ་བོའི་ཐོག་ནས་ཞུ་གི་མེད། སྤྱི་འཐུས་ཚོགས་གཙོའི་ངོ་བོ་ཐོག་ནས་ཞུ་གི་ཡོད། གང་ལྟར་མང་ཚོགས་ཁྲོད་གླེང་སློང་མང་པོ་ཞིག་བྱུང་བ་དང་དངོས་ཡོད་གནས་སྟངས་མིན་པའི་ཐོག་ནས་གཞི་མེད་ཀྱི་སྐྱོན་བརྗོད་མང་པོ་བྱེད་རྒྱུ་ལྟ་བུའི་གནས་ཚུལ་མང་དག་ཅིག་ལྷག་པ་རེད། ཆུ་འགོ་གང་ནས་བཙུགས་ཡོད་མེད་དེ་ང་རང་ཚོས་ཉམས་ཞིབ་གནང་ན་མཁྱེན་གྱི་རེད། ད་ལྟ་ང་ཚོ་ཚང་མ་སྐུ་འཚོ་བཞུགས་རེད། ལས་རིམ་འདིར་རྒྱུས་མངའ་ཆ་ཚང་ཡོད་མཁན་ཤ་སྟག་ཡིན་པར་བརྟེན། དེ་མ་ཤེས་པ་གང་ཡང་མེད། ཚོགས་གཙོའི་ངོས་ནས་དེའི་སྐོར་ཞུ་དགོས་པའི་གནས་སྟངས་གང་ཡང་མཐོང་གི་མི་འདུག དེའི་ཐོག་ཉམས་ཞིབ་ཚད་ལྡན་ཞིག་གནང་ན་གནང་ཆོག་པ་ཞིག་རེད། འོས་བསྡུའི་ལས་རིམ་འདིའི་ཐོག་ནས་མང་པོ་ཞིག་ལ་སེམས་འཚབ་བྱུང་ཡོད། དེའི་ནང་བཟང་སྤྱོད་ཀྱི་བཀའ་མོལ་ཡང་མང་པོ་ཞིག་བྱུང་བ་རེད། བཟང་སྤྱོད་ཀྱི་གནས་བབས་དེ་གང་འདྲ་ཆགས་ཡོད་པ་དང་སྐབས་ག་དུས་ཆགས་པ། སུའི་བྱས་སོང་དེ་དག་ང་ཚོ་ཚང་མར་རྒྱུས་ཡོད་ཆགས་ཡོད། གཅིག་གིས་གཅིག་ལ་ཕན་ཚུན་མཛུབ་མོ་འཛུགས་རེ་བྱས་ན་ཕན་ཐོགས་གང་ཡང་མེད།
ཚོགས་གཙོ་ཚོགས་གཞོན་གྱི་འོས་སྡུའི་ལས་རིམ་སྐབས་གྲོས་ཚོགས་འདིའི་ནང་སྐྱོན་བརྗོད་བྱེད་མཁན་བྱུང་བ་རེད། གཅིག་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་གཅིག་ལ་ཚོགས་འདུག གཅིག་བྱས་འདུག་གཉིས་བྱས་འདུག འཚོགས་རྒྱུ་དེ་ཡང་ཁག་གཅིག་དངོས་གསལ་དོད་པོ་དང་ཁག་གཅིག་དངོས་གསལ་དོད་པོ་མེད། སྐབས་དེར་ངས་མང་གཙོའོ་ལམ་སྲོལ་ཐོག་ནས་སུའི་སུར་རྒྱབ་སྐྱོར་དང་འདུ་འཛོམས་བྱེད་རྒྱུའི་ཐོབ་ཐང་ཡོད། ཐོབ་ཤོར་ཅི་ཞིག་བྱུང་རྗེས་ཕྱོགས་ལྷུང་མེད་པར་ནུས་པ་མཉམ་སྤུངས་བྱེད་དགོས་རྒྱུ་དེ་མང་གཙོའི་འགྲོ་ལུགས་རེད་ཅེས་སྐབས་དེ་དུས་ཀྱི་གྲོས་ཚོགས་སུ་ཞུ་རྒྱུ་བྱུང་། སྐབས་དེ་དུས་ཞུས་ཡོད། ད་ལྟའི་དུས་ཚོད་འདིར་ང་ཚོས་འོས་འཕངས་ཟིན་པ་རེད། གཞུང་འབྲེལ་ཐོག་ནས་གསལ་བསྒྲགས་གནང་རྒྱུ་ཡིན་པ་མ་གཏོགས་འོས་བསྡུའི་གྲུབ་འབྲས་ཀྱང་གང་ལ་གང་ཙམ་སྤྱི་ཚོགས་ནང་གསལ་པོ་ཆགས་ཡོད། དེར་བརྟེན་ད་ལྟ་ང་ཚོས་གཞུང་འབྲེལ་གསལ་བསྒྲགས་གནང་གྲུབ་རྗེས་ང་ཚོའི་སྤྱི་ཚོགས་འདི་འོས་བསྡུའི་ཟང་ཟིང་ནས་ཐར་ཏེ་ཚང་མས་ནུས་པ་མཉམ་སྤུངས་བྱེད་རྒྱུའི་ཐོག་འབད་བརྩོན་བྱེད་དགོས། དེ་ལྟར་མ་བྱས་ཚེ་ང་ཚོའི་དགྲ་བོའམ་ཁ་གཏད་རྒྱ་ནག་ལྟ་བུ་ཞིག་ཡོད་དགོས་ཀྱི་མེད། བཙན་བྱོལ་ནང་ཡོད་པའི་བོད་མི་འབུམ་གཅིག་དང་ཁྲི་ལྔའི་ནང་ནུས་པ་ཕྲན་བུ་ཡོད་པ་དེ་ཕར་ཚུར་རྩབ་ཧྲལ་གཏོང་རེས་བྱེད་པ་ཡིན་ན། ང་ཚོའི་གནས་བབ་གང་འདྲ་ཞིག་ཆགས་ངེས་རེད། འདི་སུར་དགོས་རྒྱུ་ཆགས་ཀྱི་ཡོད་རེད། ཁེ་ཕན་སུ་ལ་རགས་ཀྱི་ཡོད། འདི་ང་ཚོ་བོད་མི་ཡིན་ནོ་ཅོག་གིས་བསམ་བློ་གཏོང་དགོས་པའི་གནས་སྟངས་ཤིག་རེད། སུས་སུ་ལ་རྒྱབ་སྐྱོར་བྱས་ཡོད་ཟེར་རྒྱུ་འདི་སྒྲུང་རྫོགས་པ་རེད། སྒྲུང་རྫོགས་ཚར་པའི་རྗེས་ད་བསམ་བློ་གསར་པ་ཞིག་གཏོང་། ནུས་པ་གསར་པ་ཞིག་མཉམ་སྤུངས་བྱས་ནས་འགན་འཁུར་མཁན་སུ་ཡིན་ནའང་དེ་ལ་ནུས་པ་སྤུངས་དགོས་རྒྱུ་ནི། ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་གྲོས་ཚོགས་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་བཅས།།