༢༠༡༦ ཟླ་ ༤ ཚེས་ ༡ རེས་གཟའ་པ་སངས།
༄༅། །འབར་མིའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་བ་སྐུ་ཞབས་ U Htin Kyaw མཆོག་གིས། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༠ ཉིན་སྲིད་འཛིན་གསར་པའི་དམ་འབུལ་ཞུས་ཡོད། དེར་བརྟེན་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁོང་ལ་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན།
ངོས་ནས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་འབར་མའི་སྲིད་འཛིན་གསར་པར་འོས་འདེམས་ཀྱིས་དམ་འབུལ་ཞུས་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
ལྕམ་སྐུ་ཨང་སང་སུ་ཀི་མཆོག་གིས་ཞི་བདེའི་སྣེ་ཁྲིད་འོག སྐུ་ཉིད་མཆོག་འབར་མའི་ནང་མང་གཙོ་གོང་འཕེལ་དང་དཔའ་མཛངས་ལྡན་པའི་སྙིང་སྟོབས་རྒྱུན་སྐྱོང་། དེ་བཞིན་འབར་མའི་མི་མང་ནང་ཁུལ་དབར་མཐུན་སྒྲིལ་སླར་གསོ་གནང་མཁན་ཞིག་མཚོན་བཞིན་ཡོད་པར་བརྟེན་བོད་མིས་གཙོས་འཛམ་གླིང་ཡོངས་ལ་སྙིང་སྟོབས་སྐྱེ་གཞི་ཞིག་ཏུ་གྱུར་ཡོད།
ངོས་ནས་སྐུ་ཉིད་མཆོག་གི་སྲིད་འཛིན་གསར་པའི་ལས་ཡུན་རིང་། འབར་མའི་ནང་ཡར་རྒྱས་གོང་འཕེལ་དང་བདེ་སྐྱིད་བསྐྲུན་རྒྱུའི་འབད་བརྩོན་དེར་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་བ་དང་ཆབས་ཅིག སྐུ་ཉིད་མཆོག་གིས་བོད་ཀྱི་གནད་དོན་མགྱོགས་མྱུར་གསལ་ཆེད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡང་ཞུ་རྒྱུ་ཡིན། སྤྱིར་བོད་དེ་འབར་མ་བཞིན་ནང་ཆོས་དར་ས་ཤིག་ཡིན་པ་ཙམ་དུ་མ་ཟད། འབར་མའི་མི་མང་ཚོས་མང་གཙོ་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་རིན་ཐང་གཅེས་འཛིན་བྱེད་བཞིན་པ་ལྟར་བོད་མི་ཚོས་ཀྱང་དེ་མཚུངས་འབད་བརྩོན་བྱེད་བཞིན་ཡོད་སྟབས། མི་རིགས་ཕན་ཚུན་རང་བཞིན་གྱིས་སེམས་ཐག་ཧ་ཅང་ཉེ་པོ་ཡོད། ཅེས་འཁོད་འདུག
སྐུ་ཞབས Mr Htin Kyaw མཆོག་ནི་སྔ་ལོའི་ཕྱི་ཟླ་ ༡༡ ནང་འབར་མའི་འོས་བསྡུ་ཆེན་མོའི་སྐབས་ལྕམ་སྐུ་ཨང་སང་སུ་ཀི་མཆོག་གི་སྣེ་ཁྲིད་པའི་རྒྱལ་ཡོངས་མང་གཙོ་ཚོགས་པར་ National League for Democracy རྒྱལ་ཁ་ཆེན་པོ་ཐོབ་རྗེས་འདས་པའི་ལོ་ངོ་ ༥༠ ནང་འབར་མའི་ཡུལ་མི་དཀྱུས་མ་གཅིག་སྲིད་འཛིན་དུ་འོས་འདེམས་བྱུང་ཐོག་མ་ཆགས་ཡོད། །